གཏིང་སྐྱེས་རྫོང་ཁྱུང་རྩེ་ཤང་སྨུག་གྲོང་ཚོར་གཞུང་འཁྱོངས་གསར་འབྱེད་བྱེད་མཁན་ལྷ་མོ་ཚོགས་པ་ཞིག་ཡོད། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2023-12-11

ལྷ་མོར་བོད་ཀྱི་རིག་གནས་ཀྱི“འགྱུར་རྡོ་གསོན་པོ”ཞེས་བརྗོད་ཀྱི་ཡོད་ཅིང་། དེར་བོད་ཀྱི་རིག་གནས་ཀྱི་ཉམས་འགྱུར་དང་ཕུན་སུམ་ཚོགས་པའི་སྒྱུ་རྩལ་གྱི་ནང་དོན་ལྡན་ཡོད་པས་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྩ་ཆེན་ཞིག་རེད།

གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་ཁྱུང་རྩེ་ཤང་དུ་ལོ་70ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་དམངས་ཁྲོད་ལྷ་མོ་ཚོགས་པ་ཞིག་ཡོད་པ་དང་། དེའི་སྐད་གྲགས་གང་སར་ཆོད་པ་མ་ཟད། ཞིང་འབྲོག་མང་ཚོགས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད་ཅིང་། དེ་ནི་སྨུག་གྲོང་ཚོའི་ལྷ་མོ་ཚོགས་པ་རེད།

སྨུག་གྲོང་ཚོའི་ལྷ་མོ་ནི་སྐྱོར་མོ་ལུང་གི་ལུགས་སུ་གཏོགས་པ་དང་། བོད་ཀྱི་ལོ་གསར་སོགས་དུས་ཆེན་ཆེ་གྲས་རིང་མཉམ་འཛོམས་འཁྲབ་སྟོན་བྱེད་པ་ཕུད། སྨུག་གྲོང་ཚོའི་ལྷ་མོ་ཚོགས་པས་ལོ་ལྟར་རྫོང་དང་ཆུས་གཞན་དག་ཏུ་བསྐྱོད་དེ“ལྷ་མོ་གྲོང་གསེབ་ཏུ་འཁྲབ་པའི”རིག་གནས་སྤེལ་རེས་འཁྲབ་སྟོན་བྱེད་ཀྱི་ཡོད། 《འགྲོ་བ་བཟང་མོ》དང《དྲི་མེད་ཀུན་ལྡན》སོགས་ལྷ་མོའི་འཁྲབ་གཞུང་རྩེ་གྲའི་ལེ་ཚན་གྲོང་གསེབ་ཏུ་འཁྲབ་ནས་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་གཏོང་གི་ཡོད།

སྨུག་གྲོང་ཚའི་ལྷ་མོ་ཚོགས་པ་སྒྲིག་འཛུགས་བྱེད་མཁན་གྱི་མིང་ལ་དབང་ལགས་ཟེར་ཞིང་། ཁོང་ལྷ་མོར་ཧ་ཅང་དགའ་པོ་ཡོད་པས་1953ལོར་སྨུག་གྲོང་ཚོའི་གྲོང་མི་7སྒྲིག་འཛུགས་བྱས་ཏེ་ལྷ་མོ་ཚོགས་པ་དེ་བཙུགས་ནས་རང་འགུལ་ངང་རོལ་ཆ་དཀྲོལ་གཏོང་དང་། རྣམ་ཐར་གཏོང་སྟངས། འཁྲབ་སྟངས་སོགས་སྦྱངས་ཏེ་ལྷ་མོ་འཁྲབ་འགོ་ཚུགས་ཡོད།

བགྲེས་སོང་དབང་ལགས་གྲོངས་རྗེས་དགེ་ཕྲུག་བཀྲ་ཤིས་ཀྱིས་དགེ་རྒན་གྱི་ཤུལ་བཟུང་ནས་ལྷ་མོ་ཚོགས་པ་དེའི་འགན་ད་བར་ཁུར་བ་རེད།

“དེ་སྔ་ཆ་རྐྱེན་ཡག་པོ་མེད་པའི་དབང་གིས་ལྷ་མོ་ཚོགས་པ་འཕེལ་རྒྱས་གཏོང་བར་དཀའ་ངལ་མང་པོ་འཕྲད་ཡོད” བཀྲ་ཤིས་ལོ་17ནས་བགྲེས་སོང་དབང་ལགས་ཀྱི་ས་ནས་ལྷ་མོ་སྦྱངས་ཡོད། ལོ་30ཡི་རིང་སྨུག་གྲོང་ཚོའི་ལྷ་མོ་ཚོགས་པ་འཕེལ་རྒྱས་དང་འགྱུར་ལྡོག་བརྒྱུད་མྱོང་བས་ཁོང་ལ་ཚོར་སྣང་ཟབ་མོ་བྱུང་ཞིང་། “ཏང་དང་སྲིད་གཞུང་གི་མཐོང་ཆེན་དང་རྒྱབ་སྐྱོར་འོག དམངས་ཁྲོད་ལྷ་མོ་ཚོགས་པའི་འཁྲབ་སྟོན་པའི་ཐོབ་ཐང་དང་ལས་ཀའི་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་པ་དང་། ལྷག་པར་དུ་2018ལོ་ནས་བཟུང་ང་ཚོར་ལོ་ལྟར་འགྲོ་གྲོན་ཁ་གསབ་སྒོར་ཁྲི་2ལེན་རྒྱུ་ཡོད་པ་མ་ཟད། ད་དུང་འཁྲབ་སྟོན་བྱེད་ཐེངས་རེར་ཁ་གསབ་དངུལ་ཡང་ཡོད་པས་ཚང་མའི་ནང་སྦྱོང་དང་འཁྲབ་སྟོན་བྱེད་པའི་ཧུར་སེམས་ཆེ་རུ་ཕྱིན་སོང་། མིག་སྔར་སྨུག་གྲོང་ཚོའི་ལྷ་མོ་ཚོགས་པར་མི་16ཡོད”

སྲོལ་རྒྱུན་གྱི་ལྷ་མོའི་རོལ་ཆ་ནི་གཙོ་བོ་རྔ་དང་སྦུབ་ཆལ་ཡིན་པ་དང་། སྨུག་གྲོང་ཚོའི་ལྷ་མོ་ཚོགས་པས་སྲོལ་རྒྱུན་གྱི་ལྷ་མོའི་རོལ་ཆའི་རྨང་གཞིའི་ཐོག་ཕྱོགས་མང་པོ་ནས་ཚོད་ལྟ་དང་གསར་གཏོད་བྱས་ཡོད་པ་སྟེ། ས་གནས་དེ་གའི་འབྲོག་གླུ་དང་། གཞས་མ་གཏམ། ཞབས་བྲོའི་རོལ་དབྱངས་སོགས་བསྡུས་པར་མང་ཚོགས་ཚོས་དགའ་པོ་བྱེད་ཀྱི་ཡོད། 2018ལོར་སྨུག་གྲོང་ཚོའི་ལྷ་མོ་ཚོགས་པར་རང་སྐྱོང་ལྗོངས་དམངས་ཁྲོད་ལྷ་མོ་ཚོགས་པའི“ལྷ་མོ་ཁྲིད་སྦྱོང་ས་ཚིགས”ཀྱི་མཚན་སྙན་ཐོབ་པ་རེད།

འདི་ལོའི“རིག་གནས་དང་རང་བྱུང་ཤུལ་བཞག་ཉིན་མོའི”བྱེད་སྒོ་གཏིང་སྐྱེས་རྫོང་གིས་སྒྲིག་འཛུགས་བྱས་ནས་སྤེལ་བ་དང་། སྨུག་གྲོང་ཚོའི་ལྷ་མོ་ཚོགས་པས་ལྷ་མོའི་མངོན་མིན་རིག་གནས་ཤུལ་བཞག་གི་དྲིལ་བསྒྲགས་འགྲེམས་པང་དང་། མངོན་མིན་རིག་གནས་ཤུལ་བཞག་ལྷ་མོ་གྲོང་གསེབ་ཏུ་ཁྱབ་གདལ། སྐོར་སྐྱོད་འཁྲབ་སྟོན་སོགས་ཀྱི་བྱེད་ཐབས་བརྒྱུད། ཡུལ་སྐོར་བར་ལྷ་མོའི་རིག་གནས་སྒྱུ་རྩལ་བརྒྱུད་བསྒྲགས་དང་འགྲེམས་སྟོན་བྱས་ནས་མངོན་མིན་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱེད་ཀྱི་ཡོད།