ཁྱད་ལྡན་རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ། “མི་ཁྲི་བོད་དུ་སྐྱོད། སྟག་རྩེར་ལྷན་འཛོམས”ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    | 2023-12-13

འདི་ལོ་ཚུན་དུ། སྟག་རྩེ་ཆུས་ཀྱིས་སྔོན་ཐོན་རིག་གནས་དར་སྤེལ་གཏོང་བ་བརྗོད་དོན་གཙོ་བོར་བྱེད་པ་དང་། རིག་གནས་ཡུལ་སྐོར་གྱི་འཐབ་ས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དམ་འཛིན་བྱ་གཞིར་བྱེད་པ། གཞི་རིམ་གྱི་རིག་གནས་འཚོ་བ་དར་རྒྱས་གཏོང་བ་གཙོ་གནད་དུ་བཅས་བྱས་ནས། བྱེད་ཐབས་ལ་ཤུགས་སྣོན་དང་དངོས་འཛིན་དངོས་སྒྲུབ་ཀྱིས“སྟག་རྩེར་ལྷན་འཛོམས”རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་སྤུས་རྟགས་ཧུར་ཐག་བཏོད་དེ། ཁྱད་ལྡན་རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱིས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་རམ་འདེགས་བྱས་པ་རེད།

གསར་འགོད་པར་ཤེས་རྟོགས་བྱུང་བར། ཡུལ་སྐོར་ཚོགས་པ་དེ་ནི་སྟག་རྩེ་ཆུས་ཀྱིས་ཡུན་ནན་རླུང་འཕྲིན་ཡུལ་སྐོར་མནའ་འབྲེལ་དང་མཉམ་དུ་སྤེལ་བའི་རིག་གནས་དང་ཡུལ་སྐོར་གྱི་སྟོན་མོ་གཟབ་རྒྱས་ཤིག་སྟེ། “ཡུན་ནན་མི་དམངས་བོད་དུ་ཡུལ་སྐོར་ལ་སྐྱོད་པ་དང་། སྟག་རྩེར་ལྷན་འཛོམས། སའི་གོ་ལའི་སྣེ་གསུམ་པར་མཉམ་སྤྱོད་བྱེད་པའི”བྱེད་སྒོ་ཆེ་གྲས་ཀྱི་ཡུལ་སྐོར་ཚོགས་པ་ཐོག་མ་དེ་རེད། དུས་ཡུན་ཉིན་7རིང་། ཡུལ་སྐོར་ཚོགས་པས་ཕོ་བྲང་པོ་ཏ་ལ་དང་ཡར་འབྲོག་གཡུ་མཚོ་སོགས་ཀྱི་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་བྱས་ནས་བོད་ཀྱི་སྟོན་དགུན་གཉིས་ཀྱི་མཛེས་ལྗོངས་ཉམས་ལེན་བྱས་པ་རེད། ད་ཐེངས་ཀྱི་བྱེད་སྒོ“མི་ཁྲི་བོད་དུ་སྐྱོད། སྟག་རྩེར་ལྷན་འཛོམས”ཀྱི་བྱེད་སྒོའི་གྲས་ཤིག་རེད། 2018ལོར་སྟག་རྩེ་ཆུས་ཀྱིས་ཅང་སུའུ་ཡི་མཛེས་ལྗོངས་ཧྲིལ་པོའི་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་དང་མཉམ་དུ“མི་ཁྲི་བོད་དུ་སྐྱོད། སྟག་རྩེར་ལྷན་འཛོམས”ཀྱི་བྱེད་སྒོ་སྤེལ་ནས། རྒྱལ་ཡོངས་ས་གནས་ཁག་གི་འགྲིམ་འགྲུལ་རླུང་འཕྲིན་གཏོང་ཚད་དང་སྦྲེལ་མཐུད་བྱས་ཏེ། གསན་པ་པོ་སྐོང་བསྡུ་བྱས་ནས་ཡུལ་སྐོར་ཚོགས་པ་སྒྲིག་འཛུགས་བྱས་ཏེ་བོད་དུ་ཡུལ་སྐོར་དུ་ཡོང་བ་ཞིག་རེད། བྱེད་སྒོ་དེས་ལོ་ལྟར་ཆ་སྙོམས་བྱས་ན་སྟག་རྩེ་ཆུས་ལ་ཡུལ་སྐོར་དུ་ཡོང་མཁན་མི་ཐེངས་ཁྲི་3ལྷག་ཙམ་ཟིན་གྱི་ཡོད་པ་དང་། ད་ཆ“མི་ཁྲི་བོད་དུ་སྐྱོད། སྟག་རྩེར་ལྷན་འཛོམས”ནི་སྟག་རྩེ་ཆུས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་སྤུས་རྟགས་གལ་ཆེན་ཞིག་ཏུ་གྱུར་ཡོད། ཡུལ་སྐོར་ཁྱབ་གདལ་གཏོང་བ་དང་ཆབས་ཅིག སྟག་རྩེ་ཆུས་ཀྱིས་ཕུལ་བྱུང་ཐོན་རྫས་སྔར་བས་མང་བ་བཏོན་ནས། མི་དེ་བས་མང་བ་བོད་དུ་སྐྱོད་པ་དང་། ལྷ་སར་སྐྱོད་པ། སྟག་རྩེར་སྐྱོད་པ་བཅས་མངོན་འགྱུར་ཐུབ་ཡོད།

འདི་ལོ་སྟག་རྩེ་ཆུས་ཁོངས་ཀྱི་གླིང་ཁས་ཡུལ་སྐོར་བ་མི་ཐེངས་ཁྲི་17.5328ལ་སྣེ་ལེན་ཞུས་པ་དང་། གླིང་ཁའི་ཡོང་འབབ་སྒོར་ཁྲི་521.3625བྱུང་བ། མི་5308ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པ། འབབ་འཕར་སྒོར་ཁྲི་64.81བྱུང་བ་བཅས་རེད།