རིག་གནས་ཀྱིས་སེམས་ཀྱི་ཞིང་ས་གཤིན་པོ་བརླན། མངའ་རིས་ས་ཁུལ་གྱིས་རིག་གནས་ལས་དོན་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་པའི་སྐོར་བཀོད་པ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    | 2023-12-13

ཉེ་ཆར། མངའ་རིས་ས་ཁུལ་གྱི་ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བརྒྱད་པ་སེང་གེ་ཁ་འབབ་ལུས་རྩལ་ཐང་དུ་གཟབ་རྒྱས་ངང་འགོ་ཚུགས་ཤིང་། འགོ་ཚུགས་མཛད་སྒོར་ལས་རིགས་ཁག་གི་སྐུ་མགྲོན་དང་ལས་བྱེད་པ་དང་མང་ཚོགས་3000ལྷག་ཙམ་གྱིས་འགྱུར་ཁུག་སྙན་པའི་གླུ་གར་དང་ལྟད་མོ་ཆེ་བའི་་འཁྲབ་སྟོན་བལྟས་པ་རེད། གར་སྟེགས་དང་། སྙན་འཇེབས་ལྡན་པའི་རོལ་དབྱངས། ཁྲ་འཆིལ་འཆིལ་གྱི་གློག་འོད་སོགས་དམིགས་བསལ་གྱི་ནུས་པ་ལས། མངའ་རིས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་འོད་སྟོང་འཕྲོ་བའི་རིག་གནས་དང་དམིགས་བསལ་ཡིད་དབང་འཕྲོག་པའི་ཡུལ་སྲོལ་གོམས་གཤིས་གང་ལེགས་མངོན་པས་ལྟད་མོ་བའི་ཡོད་དབང་རབ་ཏུ་འཕྲོག

ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་ཙམ་མ་ཟད། འདི་ལོ་ཚུན་དུ། མངའ་རིས་ས་ཁུལ་གྱིས་རིག་གནས་བྱེད་སྒོ་སྣ་ཚོགས་ཟམ་མི་ཆད་པར་སྤེལ་ནས་རིག་གནས་ཀྱི་འཇམ་ཤུགས་དང་ཤུགས་རྐྱེན་ཐེབས་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། རིག་གནས་ཀྱི་རང་རྟོན་རང་དར་ལ་སྐུལ་འདེད་གཏོང་བ། རིག་གནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཀྱི་འོད་སྟོང་གསར་པ་བཏོད་ཡོད།

གསར་འགོད་པར་མངའ་རིས་ས་ཁུལ་རིག་གནས་ཅུས་ནས་ཤེས་རྟོགས་བྱུང་བར། 2023ལོ་ཚུན། མངའ་རིས་ས་ཁུལ་གྱིས“མངའ་རིས་མི་དམངས་ཀྱི་སེམས་པ་ཏང་ལ་ཕྱོགས། དུས་རབས་གསར་པར་མཐུན་སྒྲིལ་འབད་འཐབ་བྱེད། མངའ་རིས་ས་ཁུལ་གྱིས་ཏང་དབུ་བརྙེས་ནས་ལོ་102འཁོར་བར་རྟེན་འབྲེལ་ཞུ་བའི”བརྗོད་དོན་གཙོ་བོའི་མཚན་ཚོགས་དང་། ཞང་ཞུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བརྒྱད་པ། དེ་བཞིན་གྲོང་ཚོ་གྲོང་ལྷན་གྱི་རིག་རྩལ་འཁྲབ་སྟོན་འགྲན་བསྡུར་སྐབས་དང་པོ་བཅས་གཉེར་བ་དང་ཆབས་ཅིག་ཞང་ཞུང་རིག་གནས་བགྲོ་གླེང་ཚོགས་འདུ་སྐབས་བརྒྱད་པ་གྲུབ་འབྲས་ཐོབ་པའི་ངང་འཚོགས་པ་དང་། “མངའ་རིས་ས་ཁུལ་གྱིས་ཡན་ཨན་གྱི་གཉིས་བཀུར་ལས་འགུལ་སྤེལ་ནས་ལོ་80འཁོར་བར་དྲན་གསོ་ཞུ་བ་དང་། མཁའ་དབྱིངས་ཀྱི་མངའ་རིས། ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་མོའི”བརྗོད་དོན་གཙོ་བོའི་རིག་རྩལ་མཚན་ཚོགས་སོགས་རིག་རྩལ་བྱེད་སྒོ་སྣ་ཚོགས་སྤེལ་བར་རྒྱ་ཆེའི་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད།

རིག་གནས་ཐོན་ལས་ཀྱི་ལས་དོན་ཐད། མངའ་རིས་ས་ཁུལ་རིག་གནས་ཅུས་ཀྱིས་སྒར་རྫོང་གི་གླུ་གར་གྲངས་གཞིའི་མཛོད་བསྡུ་ལེན་དང་ལེགས་སྒྲིག་གི་དུས་འགོའི་ལས་དོན་ལེགས་སྒྲུབ་བྱས་པ་མ་ཟད། རུ་ཐོག་རྫོང་གི་དམངས་ཁྲོད་གླུ་གར་320ལྷག་ཙམ་བསྡུ་ལེན་དང་ལེགས་སྒྲིག་གི་ལས་དོན་ལེགས་སྒྲུབ་བྱས་ཡོད།

དེ་དང་ཆབས་ཅིག་རིག་གནས་ཞབས་ཞུའི་དོ་དམ་ལས་སྒོའི་མི་སྣའི་ཆེད་ལས་ཀྱི་འཇོན་ཐང་ཆེ་རུ་གཏོང་ཆེད། མངའ་རིས་ས་ཁུལ་རིག་གནས་ཅུས་ཀྱིས་རྫོང་ཁག་དང་ཤང་དང་གྲོང་རྡལ་ཁག་གི་སྤྱི་པའི་རིག་གནས་ལས་དོན་པར་དམིགས་ནས་དུས་ཡུན་ཉིན་གསུམ་གྱི“མངའ་རིས་ས་ཁུལ་གྱི་2023ལོའི་ལོ་འཁོར་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་དོ་དམ་ལས་སྒོའི་མི་སྣའི་གསོ་སྦྱོང་འཛིན་གྲྭ”གཉེར་བ་དང་། ཟླ་7པའི་ཟླ་དཀྱིལ་དུ། བོད་ལྗོངས་མངའ་རིས་དང་། ཅང་སུའུ་ཐའེ་ཀྲོའུ། ཅང་སུའུ་སུའུ་ཆན་བཅས་ཀྱི་2023ལོའི་ལོ་འཁོར་གྱི་རིག་གནས་ཁྲོམ་རའི་ཕྱོགས་བསྡུས་ཁྲིམས་སྒྱུར་ཁ་གཏད་གསོ་སྦྱོང་སྤེལ་རེས་བྱེད་སྒོ་སྤེལ་བར་ཁྱོན་མི་27ལས་སྒོའི་གསོ་སྦྱོང་ལ་ཞུགས་ནས་ཁ་གཏད་སྤེལ་རེས་དང་མཉམ་སྒྲུབ་ལམ་སྲོལ་གྱི་ནུས་པ་གང་ལེགས་བཏོན་ཏེ་ཁྲིམས་སྒྱུར་དཔུང་ཁག་གིས་ཁྲིམས་ལྟར་ཁྲིམས་སྒྱུར་བྱེད་པའི་ཆུ་ཚད་མཐོ་རུ་བཏང་བ་དང་ཁྲིམས་སྒྱུར་དཔུང་ཁག་གིས་རིག་གནས་ཁྲོམ་རར་ཞབས་འདེགས་དེ་བས་ལེགས་པ་ཞུ་བ་དང་ཚད་ལྡན་དང་དར་རྒྱས་ཡོང་བའི་ནུས་པ་ཆེ་རུ་བཏང་ཡོད།

མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལས་དོན་ཐད། ཟླ་9པའི་ཟླ་འགོར་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་ཁག་2དང་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཁག་3ལག་བསྟར་བྱེད་འགོ་ཚུགས་པ་དང་།“མངོན་མིན་རིག་གནས་ཤུལ་བཞག་བརྒྱུད་རིམ་ལྡན་པའི་་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”བརྗོད་དོན་གཙོ་བོར་དམིགས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱས་ནས་འགྲེམས་འཁྲབ་དང་། འགྲེམས་སྟོན། འགྲེམས་ཚོང་། འགྲེམས་གཏོང་། ཆེད་དོན་འཁྲབ་སྟོན་བཅས་ཀྱི་བྱ་ཐབས་ཁག་5ལ་བརྟེན་ཏེ་རིག་གནས་ཤུལ་བཞག་གི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོ་སྤེལ་ཡུལ་དུ་གྲོང་གསེབ་དར་རྒྱས་ལ་རམ་འདེགས་དང་རིག་གནས་ཁེ་ལས་ཀྱི་བྲིན་ཚོང་ཡོང་འབབ་སྒོར་ཁྲི་2.1བྱུང་བ་དང་། རིག་གནས་གྲུབ་འབྲས་ཀྱི་ཐོན་རྫས་དང་དྲིལ་བསྒྲགས་ལག་དེབ་ཁྱོན་2500ལྷག་ཙམ་སྤྲད་པར་ལྟད་མོ་བ་3000ལྷག་ཙམ་ལ་ཕན་པ་ཐོབ་ཡོད།