ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དུང་དཀར་གྲོང་རྡལ་དུ་གྲོང་ཚོར་ཟློས་གར་འཁྲབ་ནས་རིག་གནས་དམངས་ཕན་གྱི་བྱེད་སྒོ་སྤེལ་བ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    | 2023-12-13

ཉིན་ཤས་བསྟུད་མར་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་དུང་དཀར་གྲོང་རྡལ་གྱིས“ང་ཚོའི་ཀྲུང་གོའི་ཕུགས་འདུན། རིག་གནས་ཁྱིམ་ཚང་མང་པོར་ཁྱབ་གདལ་གཏོང་བའི”བརྗོད་དོན་གཙོ་བོའི་གྲོང་གསེབ་ཏུ་ཟློས་གར་འཁྲབ་སྟོན་བྱེད་པའི་རིག་གནས་དམངས་ཕན་གྱི་འཁྲབ་སྟོན་བྱེད་སྒོ་སྤེལ་ནས་མང་ཚོགས་ཀྱི་སྒོ་རྩར་ལེ་ཚན་ཡག་པོ་འཁྲབ་སྟོན་བྱས་ཏེ་རྣམ་པ་འདྲ་མིན་སྣ་ཚོགས་དང་ཡིད་དབང་འཕྲོག་པའི་བསམ་པའི་རིག་གནས་ཀྱི་སྟོན་མོ་ཞིག་བཤམས་པ་རེད།

འཁྲབ་སྟོན་བྱེད་རིང་གྲོང་ཚོ་རིམ་པའི་རིག་རྩལ་རུ་ཁག་ཁག་གིས《ཏང་གི་ཚོགས་ཆེན་ཉི་ཤུ་པར་བསྟོད་གླུ་འབུལ》དང་། 《མཛེས་སྡུག་ལྡན་པའི་བོད་ལྗོངས། གཅེས་པར་འོས་པའི་ཕ་ཡུལ》 《དུས་རབས་གསར་པའི་གླུ་གར》སོགས་ལྟད་མོ་ཆེ་བའི་ལེ་ཚན་10ལྷག་ཙམ་འཁྲབ་སྟོན་བྱས་པ་རེད། འཁྲབ་སྟོན་པའི་བྱང་ཆུབ་པའི་འཁྲབ་རྩལ་དང་རབ་ཏུ་འཕེལ་བའི་སྙིང་སྟོབས་ལས་དེ་གར་ཡོད་པའི་ལྟད་མོ་བ་ཚོས་སྲོལ་རྒྱུན་རིག་གནས་ཀྱི་ངོ་མཚར་མྱོང་ཐུབ་པ་བྱུང་ཡོད། གར་སྟེགས་ཀྱི་གཤམ་དུ་ཐལ་མོའི་རྡེབ་སྒྲ་རྒྱུན་ཆད་མེད་པར་གྲགས་ནས་དགའ་སྤྲོའི་རྣམ་པས་ཁེངས། འཁྲབ་སྟོན་ཚར་རྗེས་འཁྲབ་སྟོན་པ་དང་ལྟད་མོ་བ་ཚོས། 《གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད》ཅེས་པའི་གླུ་དབྱངས་སྐད་གསང་མཐོན་པོས་བླངས་པ་དང་སྙིང་སྟོབས་རབ་ཏུ་འཕེལ་བའི་འགྱུར་ཁུག་དང་འབད་འབུངས་ཡར་བརྩོན་གྱི་གླུ་དབྱངས་ལས་ཏང་གི་བཀའ་དྲིན་ཚོར་བ་དང་། བདེ་སྐྱིད་ལྡན་པའི་འཚོ་བར་བསྟོད་གླུ་འབུལ་བ། མེས་རྒྱལ་ལ་སྨོན་འདུན་བཟང་པོ་ཞུ་བ་བཅས་མཚོན་པར་བྱས་ཡོད།

ད་ཐེངས་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལེ་ཚན་གྱི་ནང་དུ་མཉམ་འདྲེས་ཡག་པོ་བྱས་ཏེ་ཏང་གི“གསུང་སྒྲ་ཡག་པོ”མི་སེམས་ལ་ཟུག་པར་བྱས་ཡོད། “ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོར་བརྟེན་ནས་མི་སེར་གྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པར་གྱུར་ཡོད། ཁྱིམ་གྱི་སྒོ་རྩར་ཡང་ངོ་མཚར་ཆེ་བའི་ལྟད་མོ་འདི་འདྲ་ལྟ་རྒྱུ་ཡོད་པས་སེམས་ནང་ཧ་ཅང་དགའ་པོ་འདུག”ཅེས་དུང་དཀར་གྲོང་རྡལ་ཉལ་གྲོང་ཚོའི་ཏང་ཡོན་རྒན་གྲས་བག་གྲོས་བཤད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རིག་གནས་དམངས་ཕན་འཁྲབ་སྟོན་བྱེད་སྒོ་དེ་གྲོང་རྡལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་8དུ་སྐོར་སྐྱོད་འཁྲབ་སྟོན་བྱས་ནས་སྤྱི་པའི་རིག་གནས་ཞབས་ཞུའི“མཐའ་མའི་འགག་གནད”སྔར་བས་བསལ་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་བཏང་བ་རེད། གོམ་སྟབས་རྗེས་མར་དུང་དཀར་གྲོང་རྡལ་གྱིས་རིག་གནས་ཁྱིམ་ཚང་མང་པོར་ཁྱབ་གདལ་གཏོང་བའི་བརྗོད་དོན་གཙོ་བོའི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ནས་རིག་གནས་དམངས་ཕན་འདུ་འགོད་དེ་མང་ཚོགས་དང་ཉེ་བཅར་དང་གྲོང་གསེབ་ཏུ་གཏིང་ཟབ་སྤེལ་ནས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་རྒྱུ་རེད།