སློབ་སྐྱོར་དགེ་རྒན་གྱིས་སྦྱོང་ཚན་ཟུར་ཁྲིད་དང་། རང་སྲུང་སློབ་གསོ། བསམ་བློའི་སྣེ་ཁྲིད། སེམས་ཁམས་ཟུར་ཁྲིད་སོགས་ཀྱི་དང་བླངས་ཞབས་འདེགས་ཞུས་པ། གཟའ་མཇུག་ཏུ་དྲིན་མཚོའི་སློབ་ཁང་དུ་སློབ་ཚན་ཉན་པར་འགྲོ ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2023-12-15

གཟའ་མཇུག་ཏུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དྲིན་སྐྱོང་གླིང་སྡེ་ཁུལ་གྱི་ཞིང་ཁྱིམ་དཔེ་དེབ་ཁང་དུ་སློབ་མ་ཁ་ཤས་ཀྱིས་སློབ་སྐྱོར་དགེ་རྒན་དང་མཉམ་དུ་སློབ་སྦྱོང་ནན་ཏན་བྱེད་བཞིན་ཡོད། སློབ་ཚན་འཚོག་སྐབས་སློབ་མ་དང་སློབ་སྐྱོར་དགེ་རྒན་འཆམ་མཐུན་མཉམ་གནས་ངང་ནས་སློབ་མས་བཀའ་འདྲི་ཞུ་བ་དང་དགེ་རྒན་གྱིས་དོགས་གནད་སེལ་བའི་སློབ་སྦྱོང་གི་རྣམ་པ་ཟབ་མོ་ཞིག་མངོན་ཞིང་། རྣམ་པ་འདི་འདྲ་གཟའ་མཇུག་ཚང་མར་མཐོང་རྒྱུ་ཡོད།

ཧོ་ཧའེ་སློབ་ཆེན་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པའི་ཁོངས་མི་ཧོ་ཀྲི་ཡོན་གྱིས། ལས་ཀའི་དུས་ཚོད་རིང་ང་ཚོས་སློབ་འབྲིང་དུ་སློབ་ཁྲིད་བྱེད་ཀྱི་ཡོད། གཟའ་མཇུག་ཏུ་དྲིན་སྐྱོང་གླིང་སྡེ་ཁུལ་གྱི་དྲིན་མཚོའི་སློབ་ཁང་དུ་དང་བླངས་ཞབས་འདེགས་ཞུས་ནས་ཕྲུ་གུ་ཚོར་སློབ་ཁྲིད་དང་ཟུར་ཁྲིད་བྱེད་ཀྱི་ཡོད། མ་གཞི་ང་ཚོ་སློབ་ཁྲིད་བྱེད་མཁན་ཞིག་ཡིན་མོད། འོན་ཀྱང་སྐབས་རེ་ཕྲུ་གུ་ཚོའི་ས་ནས་སྦྱོང་དགོས་པ་མང་པོ་འདུག་པས། ང་ཚོ་མཉམ་དུ་འཚར་ལོངས་ཡོང་བར་བྱེད་ཀྱི་ཡོད། སློབ་སྐྱོར་ནི་གཟི་བརྗིད་ལྡན་པའི་བྱ་བ་ཞིག་ཡིན་ཞིང་། བྱ་བ་འདི་ནི་སྒྲུབ་མི་ཐུབ་པའི་བྱ་བ་ཞིག་མ་ཡིན་པར། དེ་ནི་མང་ཚོགས་དང་འབྲེལ་འདྲིས་ཟབ་ཤོས་ཀྱི་བྱ་བ་ཞིག་རེད། དྲིན་མཚོའི་སློབ་ཁང་དང་འདྲ་བར་གཞི་རིམ་དང་སྡེ་ཁུལ་དུ་བསྐྱོད་ནས་དོན་སྙིང་ལྡན་པའི་བྱ་བ་ཁག་གཅིག་བསྒྲུབས་ཏེ་རང་ཉིད་ཀྱི་ནུས་པ་གང་ཡོད་འདོན་གྱི་ཡོད། འདི་ནི་ང་ཚོའི་ལང་ཚོའི་ཕུགས་འདུན་རེད་ཅེས་གསར་འགོད་པར་བརྗོད།

ལོ་10ལ་སླེབས་པའི་སློབ་མ་བསྟན་འཛིན་ཕན་ཐོགས་ཀྱིས། དུས་རྒྱུན་གཅེན་པོ་དང་གཅེན་མོ་ཚོས་ང་ཚོར་སེམས་ཁུར་ཆེན་པོ་བྱེད་ཀྱི་འདུག་ལ། ང་ཚོར་ཤེས་བྱ་མང་པོ་སློབ་ཀྱི་འདུག ཕྱིས་སུ་ངས་དེ་བས་འབད་བརྩོན་ཆེན་པོས་སློབ་སྦྱོང་བྱེད་ཀྱི་ཡིན་ཞེས་འཛུམ་དམུལ་དམུལ་ངང་བརྗོད། བསྟན་འཛིན་ཕན་ཐོགས་ཀྱི་ཁྱིམ་བདག་གིས། སྡེ་ཁུལ་དང་སློབ་སྐྱོར་དང་བླངས་པས་མཉམ་དུ་བཙུགས་པའི་དྲིན་མཚོའི་སློབ་ཁང་གིས་སྡེ་ཁུལ་གྱི་གྲོང་མིར་ཕྲུ་གུའི་སློབ་གསོའི་གནད་དོན་ཐག་གཅོད་བྱས་པ་མ་ཟད། ད་དུང་ཕྲུ་གུ་ཚོར་སྤྲོ་སྣང་ལྡན་པའི་གཟའ་མཇུག་གི་འཚོ་བ་ཞིག་ཀྱང་སྦྱིན་གྱི་ཡོད་ཅེས་གསར་འགོད་པར་བརྗོད།

ཤེས་རྟོགས་བྱུང་བར་གཞིགས་ན། སྦྱོང་ཚན་ཟུར་ཁྲིད་དང་། རང་སྲུང་སློབ་གསོ། བསམ་བློའི་སྣེ་ཁྲིད། སེམས་ཁམས་ཟུར་ཁྲིད་སོགས་ཕྱོགས་མང་པོའི་སློབ་གསོའི་བྱེད་སྒོ་སྤེལ་བ་ནི་དྲིན་མཚོའི་སློབ་ཁང་གི་དང་བླངས་ཞབས་འདེགས་ཀྱི་རྣམ་གྲངས་ལག་ལེན་བསྟར་བའི་དང་བླངས་ཞབས་འདེགས་བྱེད་སྒོའི་ཐབས་ལམ་གལ་ཆེན་ཞིག་རེད། རྣམ་གྲངས་དེས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་དྲིན་སྐྱོང་གླིང་སྡེ་ཁུལ་གྱི་གཞོན་ནུ་ལོ་ཆུང་ཞབས་འདེགས་ཞུ་ཡུལ་དུ་བྱས་ནས། “ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པ+སྡེ་ཚོགས་ལས་བྱེད་པ+དང་བླངས་པ”བཅས་ཀྱི་མཉམ་སྒྲུབ་ལམ་སྲོལ་སྤྱད་དེ། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་གྱི་གཞོན་ནུ་ལོ་ཆུང་རྣམས་རིམ་བཞིན་སྡེ་ཁུལ་གྱི་འཚོ་བར་ཞུགས་ཐུབ་པར་བྱས་ནས། ཁོ་ཚོའི་འཚོ་བའི་སྤུས་ཚད་ཇེ་ལེགས་དང་བདེ་སྐྱིད་སྟོན་གྲངས་མཐོ་རུ་བཏང་ཡོད།

ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་གྱི་དང་བླངས་ཞབས་འདེགས་ཀྱིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་དང་སྡེ་ཁུལ་གྱི་གཞོན་ནུ་ལོ་ཆུང་ལ་གཅེས་སྐྱོང་བྱེད་པའི་དྲིན་མཚོའི་སློབ་ཁང་བཙུགས་ནས་ད་བར་ལོ་4ཏག་ཏག་སོང་ཡོད། དེའི་རིང་གཞོན་ནུ་དང་བླངས་པ་ཚོས་དཀའ་ངལ་ལ་མ་འཛེམས་པར་ཕྲུ་གུ་ཚོ་དང་ལག་གདང་སྦྲེལ་ནས་གཅིག་སེམས་གཅིག་འབྲེལ་གྱིས་མཛེས་སྡུག་ལྡན་པའི་མི་རིགས་ཁྱིམ་ཚང་ཆེན་པོ་མཉམ་དུ་གཏོད་པར་གཞོལ་ཡོད། སླད་ཕྱིན་ང་ཚོས་མུ་མཐུད་འབད་བརྩོན་བྱས་ནས་དྲིན་མཚོའི་སློབ་ཁང་གི་་སློབ་ཁྲིད་ནང་དོན་སྔར་བས་ཕུན་སུམ་ཚོགས་སུ་བཏང་སྟེ། དང་བླངས་ཞབས་འདེགས་ཀྱི་རྣམ་གྲངས་དེ་བས་མང་དུ་གཏོང་གི་ཡིན་ཞེས་གུང་གཞོན་སྡེ་ཚོགས་ལྷ་ས་གྲོང་ཨུད་ཀྱི་ལས་དོན་པ་ཝང་ཝུན་གྱིས་བརྗོད།