ཚོགས་འདུ་གཉིས་ཀྱི་གསུང་སྙན། 2023-03-14

མངའ་རིས་ས་ཁུལ་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཐེན་ཆིང་ཝུའེ་ཡིས། ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས“ཐོན་ལས་དང་པོ་ལེགས་སུ་གཏོང་བ་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་མཐོ་རུ་གཏོང་བ”བཅས་ཀྱི་སྤྱིའི་བསམ་ཕྱོགས་ལ་དམིགས་ཏེ་ནུས་རྒྱུ་གཙང་མའི་ཐོན་ལས་དང་དེང་རབས་ཞབས་ཞུའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས། དེང་རབས་ཀྱི་ཐོན་ལས་མ་ལག་ཧུར་ཐག་བཏོད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཕུལ་བའི་བསྡུར་ཚད་བརྟན་པོའི་ངང་མཐོ་རུ་བཏང་ཡོད། གོམ་སྟབས་རྗེས་མར་ང་ཚོས་མངའ་རིས་ཀྱི་ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་འོད་ཤུགས་དང་། ས་འོག་ཚ་ནུས། ཚྭ་མཚེའུ་ནས་ལི་འདོན་པ་སོགས་ལེགས་ཆའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མངའ་རིས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་གསུངས།

མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་ཞི་བདེ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བསྟན་འཛིན་དོན་གྲུབ་ཀྱིས། ཐོན་ལས་དར་ན་གྲོང་གསེབ་དར། ཉེ་བའི་ལོ་ཤས་རིང་། ཞི་བདེ་གྲོང་ཚོས་ཐོན་ལས་ཀྱི་ཐོན་ཁུངས་ལེགས་ཆ་སྔོག་འདོན་གང་ལེགས་བྱས་ཏེ་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་དེ་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་དུ་བརྩིས་ནས་འབྲེལ་ཡོད་སྲིད་ཇུས་ཀྱི་རོགས་སྐྱོར་འོག ནས་དཀར་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ཁར་རྒྱུན་ཆད་མེད་པར་རིམ་སྤོར་དང་ལེགས་བཅོས་བྱས་པ་མ་ཟད། སྤུ་ཧྲེང་ཞི་བདེའི་ནས་ཡུལ་བཟའ་བཅའ་ཚད་ཡོད་ཀུང་སི་བཙུགས་ཏེ་མང་ཚོགས་ཀྱི་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་བཏང་བས་འདེབས་འཛུགས་དང་། གླ་པ་རྒྱུག་པ། ཡོང་འབབ་བགོ་འགྲེམས་སོགས་འབབ་འཕར་གྱི་ཐབས་ལམ་སྣ་ཚོགས་མངོན་འགྱུར་བྱུང་སྟེ་ཐོན་ལས་འདེགས་སྐྱོར་དུ་བྱེད་པའི་ཕུགས་ཕན་འབབ་འཕར་གྱི་ལམ་སྲོལ་ཞིག་ཆགས་ནས་གྲོང་གསེབ་དར་རྒྱས་དང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ནུས་ལྡན་ཐེབས་ཡོད་ཅེས་གསུངས།