བོད་རང་སྐྱོང་ལྗོངས་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུས་ཚོགས་འདུ་འཚོགས་པ། 2023-03-21

ཟླ་3ཚེས་17ཉིན་རང་སྐྱོང་ལྗོངས་ཏོག་གསར་རིམས་ནད་སྔོན་འགོག་དང་ཚོད་འཛིན་བཀོད་འདོམས་པུས་ཚོགས་འདུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད།

ཁྲེན་ཡུང་ཆིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཁ་སྒྱུར་ཕྱོགས་སྟོན་དང་བྱམས་བརྩེའི་ཐུགས་ཁུར་འོག་དང་། རྒྱལ་ཁབ་ཀྱི་པུའུ་ཨུད་དང་སྤུན་ཟླའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ཚན་རིག་དང་མཐུན་པའི་མཛུབ་སྟོན་དང་རྒྱབ་སྐྱོར་ཤུགས་ཆེན་འོག རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བཀོད་འདོམས་ནུས་ལྡན་འོག ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་བློ་སེམས་གཅིག་སྒྲིལ་དང་ཕྱར་བ་གྲུ་འདེགས་དང་རྒྱ་ཆེའི་སྨན་དོན་པས་དཔའ་ངར་ཆེན་པོས་ཉེན་ཁ་ཡོད་སར་སྐྱོད་པ་དང་སྒེར་སེམས་མེད་པར་ལེགས་སྐྱེས་ཕུལ་བས་རང་ལྗོངས་སུ་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལ་ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་གལ་ཆེན་ཐོབ་ཡོད།

ཁྲེན་ཡུང་ཆིས་ནན་བཤད་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཐོབ་པར་དཀའ་བའི་གྲུབ་འབྲས་གལ་ཆེན་སྲ་བརྟན་དུ་བཏང་ནས་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་དགོས། རིམས་ནད་ཕྱི་ནས་མི་འགོ་བ་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་ནས་ཞིབ་ཕྲའི་ལས་ཀའི་ཇུས་གཞི་ཞིབ་ཚགས་སུ་བཏང་སྟེ། ལྟ་ཞིབ་ཚད་ལེན་གྱི་ཉེན་ཟོན་ཉེན་བརྡ་དང་། ཆ་འཕྲིན་གོང་ཞུ་དང་ལྟ་སྐུལ་མཛུབ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྙན་ཞུ། སྔ་ཙམ་ཐག་གཅོད་བཅས་ཐུབ་པ་བྱེད་དགོས། སྨན་བཅོས་སྲོག་སྐྱོབ་ཐད་ཕན་འབྲས་དངོས་ཐོན་པ་དང་རྒྱུན་རྣམ་ཅན་གྱི་རིམ་དབྱེའི་སྨན་བཅོས་རོགས་སྐྱོབ་ལམ་སྲོལ་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ཏེ། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་མང་དུ་བཏང་ནས་གཞི་རིམ་དུ་སྤྲོད་པ་དང་། ཁ་གཏད་བོད་སྐྱོར་གྱི་ལེགས་ཆ་འདོན་པ། རྒྱང་ཁྲིད་སྨན་བཅོས་ལ་སྐུལ་འདེད་གཏོང་བ། གཙོ་གནད་མི་ཚོགས་དང་གཙོ་གནད་ཁུལ་མངོན་གསལ་དོད་པོ་ཡོང་བར་བྱེད་པ། ནད་གཞི་ཚབས་ཆེན་སྐྱོབ་བཅོས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་མིག་སྔར་ཆམ་རིམས་སོགས་ནད་མང་མཉམ་འགོག་གི་ལས་དོན་ཡག་པོ་སྒྲུབ་དགོས། འགན་ལེན་ཐད་ཞན་ཆ་སེལ་བར་ཤུགས་སྣོན་བརྒྱབ་ནས། ནད་ཡམས་ཚོད་འཛིན་མ་ལག་སྒྱུར་བཅོས་ལ་གང་མགྱོགས་སྐུལ་འདེད་གཏོང་བ་དང་། སྨན་བཅོས་དངོས་ཟོག་སྤྱི་འདོམས་བཀོད་སྒྲིག་བྱེད་ནུས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རིམས་འགོག་སྨན་ཁབ་རྒྱག་ཤུགས་མུ་མཐུད་ཆེ་རུ་གཏོང་བ། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་ཡག་པོ་སྤེལ་བ་བཅས་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་རིམས་ནད་སྔོན་འགོག་དང་། དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ཡོང་བ་བཅས་བྱས་ནས་ཕྱོགས་བཞིའི་འགན་འཁྲི་རྒྱུན་མཐུད་ནན་དུ་ཏན་ཏིག་གཏོང་བ་དང་། ཕུགས་ཕན་ལམ་སྲོལ་འཐུས་ཚང་ཡོང་བ། ལས་ཀའི་རྣམ་པ་བཟང་པོ་གཏོད་པ། བརྟན་ལྷིང་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་དང་ཕྱོགས་ཡོངས་ལ་ལྟ་རྟོག་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་ཡག་པོ་རྩོམ་དགོས།