མང་ཚོགས་ལ་ཁྲིམས་འཛིན་གྱི་ཞབས་ཞུ་ལེགས་པར་བསྒྲུབས་པ། 2023-03-24

ཟླ་3ཚེས་7ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གནང་བའི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་ནང་རང་ལྗོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱིས་ལས་དོན་བསྒྲུབས་པའི་བཀྲག་མདངས་འཚེར་ས་མངོན་ཡོད་པ་སྟེ། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱིས་མཱ་ཞི་ཝུའུ་ཡི་འདྲི་གཅོད་བྱེད་སྟངས་རྒྱུན་འཛིན་དང་དར་སྤེལ་བཏང་ཞིང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་བཏང་བ་སོགས་དམངས་བདེ་དམངས་ཕན་གྱི་ཁྲིམས་འཛིན་བྱ་ཐབས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་ནས། ཁྲིམས་འཛིན་གྱི་གྱོད་གཞི་རེ་རེ་ལས་མང་ཚོགས་ལ་དྲང་གཞག་དྲང་བདེན་ཚོར་བ་བྱས་ཡོད།

སྐོར་སྐྱོད་གྱོད་སྒྲུབ་བྱས་པས།

མང་ཚོགས་ལ་ཁྲིམས་འཛིན་གྱིས་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པ།

འདས་ཟིན་པའི་ལོ་5ཡི་རིང་། རང་ལྗོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱིས་སྔ་རྗེས་སུ་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར་1ལྷག་ཙམ་བཏང་སྟེ། ལྗོངས་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་ལ་འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་ར་100བཀོད་སྒྲིག་བྱས་པས། ལྗོངས་ཡོངས་ཀྱི་གཞི་རིམ་ཁྲིམས་ཁང་74དང་། 5Gབརྡ་རྟགས་ཡོད་པའི་ས་གནས་ཚང་མར་ཁྱབ་ནས་འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་ར་དང་གཞི་རིམ་ཁྲིམས་ཁང་དབར་འབྲེལ་མཐུད་དང་། གྱོད་གཞིའི་ཆ་འཕྲིན་འཕྲལ་མར་བརྗེ་རེས། དྲ་ཐོག་མིང་འགོད་ཀྱི་རྒྱང་ཁྲིད་བཀོལ་སྤྱོད། བཅའ་ཁྲིམས་ཡིག་ཆ་འཕྲལ་མར་སྐྱེལ་བ་སོགས་ཐུབ་ནས་སྤུས་ལེགས་ནུས་ཆེའི་ཁྲིམས་འཛིན་གྱི་ཞབས་ཞུ་ཞིང་ནང་མུ་ཁ་དང་། རྩྭ་ཐང་འབྲོག་ར། ཁྱིམ་ཚང་ཁྲི་སྟོང་མང་པོར་ཁྱབ་ཡོད།

བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔར་རང་ལྗོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ལ་འདུམ་འགྲིག་རྩ་འཛུགས་168དང་ཆེད་བསྐོས་འདུམ་འགྲིག་པ་402བསྡུས་པ་དང་། ཞུ་གཏུག་མ་བྱས་གོང་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱས་གྲངས་ཁྲི་2.7ལྷག་ཙམ་ཟིན་པ་དང་། ཁྲིམས་འཛིན་གྱིས་གཏན་འཁེལ་བྱས་པའི་གྱོད་གཞི་5300ལྷག་ཙམ་ཐག་གཅོད་བྱས་པ། གཏུག་བཤེར་ཞབས་ཞུ་ཚོམས་ཆེན་གྱིས་མང་ཚོགས་མི་ཐེངས་ཁྲི་82ལྷག་ཙམ་ལ་སྣེ་ལེན་ཞུས་པ། གཏུག་བཤེར་ཞབས་ཞུའི་ཐད་སྦྲེལ་ཁ་པར་12368ཀྱིས་མི་ཐེངས་ཁྲི་10.9ལྷག་ཙམ་ལ་ཞབས་འདེགས་ཞུས་པ། ཤང་དང་གྲོང་རྡལ་གྱི་མི་དམངས་ཁྲིམས་རས་གྱོད་གཞི་8700ལྷག་ཙམ་ཐག་གཅོད་བྱས་པ། འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་རས་སྐོར་སྐྱོད་བྱས་ནས་གྱོད་གཞི་སྣ་ཚོགས་ཁྲི་3.4ལྷག་ཙམ་ཐག་གཅོད་བྱས་པ། རིག་ལྡན་ཁྲིམས་ཁང་གི་གཏུག་བཤེར་ཞབས་ཞུའི་ལས་སྟེགས་ལ་བརྟེན་ཏེ་དྲ་ཐོག་ནས་གྱོད་གཞི་ཁྲི་2.48ཐོ་འགོད་བྱས་པ། གྱོད་གཞི་9480ལ་ཁྲིམས་ར་འཚོགས་པ། གྱོད་གཞི་ཁྲི་2.64ལ་འདུམ་འགྲིག་བྱས་པ། ས་ཁོངས་བསྒྲལ་ནས་གྱོད་གཞི་4020ཐོ་འགོད་བྱས་པ། འཁོར་ཐོག་ཚན་རྩལ་སྐོར་སྐྱོད་ཁྲིམས་རས་ཐག་གཅོད་བྱེད་རྒྱུའི་གྱོད་གཞི་95%ཡན་འདུམ་འགྲིག་གི་བྱ་ཐབས་ལ་བརྟེན་ནས་ཐག་གཅོད་བཅས་བྱས་ནས་གཞི་རིམ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དང་ཐོག་མའི་འདུན་ཞུ་བཅོས་སྐྱོང་གི་ཕན་འབྲས་མཐོ་རུ་གཏོང་བར་སྐུལ་འདེད་ཟམ་མི་ཆད་པར་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།

སྐད་གཉིས་ཁྲིམས་དཔོན་གསོ་སྐྱོང་བྱས་པས།

མི་རིགས་ས་ཁུལ་གྱི་མང་ཚོགས་ཀྱི་ཁྲིམས་འཛིན་དགོས་མཁོ་བསྐངས་བ།

མི་རིགས་ཁག་གི་མང་ཚོགས་ཀྱིས་རང་མི་རིགས་ཀྱི་སྐད་ཡིག་ལ་བརྟེན་ནས་གཏུག་བཤེར་བྱེད་དབང་སྔར་བས་འགན་སྲུང་བྱ་ཆེད། བོད་ཀྱིས་རྒྱལ་ཡོངས་ཀྱི་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་གྱི་བོད་ལྗོངས་གསོ་སྦྱོང་རྟེན་གཞི་བསྐྲུན་པ་དང་བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་མ་ལག་གི་སློབ་གཞི་རྩོམ་འབྲི་དང་པར་འདེབས་སོགས་ཀྱི་བྱེད་ཐབས་བརྒྱུད། བོད་རྒྱ་སྐད་གཉིས་ཀྱི་ཁྲིམས་དཔོན་གསོ་སྦྱོང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ཁབ་ཀྱིས་མ་དངུལ་བཏང་ནས་བསྐྲུན་པའི་རྒྱལ་ཡོངས་ཀྱི་བོད་རྒྱ་སྐད་གཉིས་ཁྲིམས་དཔོན་གྱི་བོད་ལྗོངས་གསོ་སྦྱོང་རྟེན་གཞི་སྤྱོད་འགོ་ཚུགས་ཉེར་ཡོད་པས། དེ་དུས་བོད་ལ་གཞི་ཚུགས་པ་དང་རྒྱལ་ཡོངས་ལ་ཁྱབ་པ་བྱས་ནས་སྐད་གཉིས་ཀྱི་འདྲི་གཅོད་ཤེས་ལྡན་པ་གསོ་སྐྱོང་བྱེད་པར་ནུས་པ་སྔར་བས་ཆེ་བ་འདོན་རྒྱུ་ཡིན་ཞིང་། མིག་སྔར་རང་ལྗོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱིས《དམངས་དོན་གཏུག་བཤེར་ཡི་གེའི་འདྲ་དཔེ(སྐད་གཉིས་ཤན་སྦྱར་པར་མ)》དང《རྒྱུན་སྤྱོད་བཅའ་ཁྲིམས་ཐ་སྙད་ཀྱི་རྒྱ་བོད་ཤན་སྦྱར་ལག་དེབ》《སྲིད་འཛིན་གཏུག་བཤེར་ཡི་གེའི་འདྲ་དཔེ་སོགས་བོད་རྒྱ་སྐད་གཉིས་ཀྱི་འདྲི་གཅོད་མུ་འབྲེལ་སློབ་གཞི་དང་མཛུབ་ཁྲིད་དཔེ་དེབ་11རྩོམ་སྒྲིག་བྱས་ནས་དཔེ་སྐྲུན་བྱས་པ་དེས་བོད་རྒྱ་སྐད་གཉིས་གསོ་སྦྱོང་གི་སྤུས་ཚད་དང་ཕན་འབྲས་སྔར་བས་མཐོ་རུ་འགྲོ་བ་དང་། བོད་ཡིག་གི་བཅའ་ཁྲིམས་ཐ་སྙད་གཅིག་གྱུར་ཡོང་བ། བོད་ཡིག་གི་ཁྲིམས་གཅོད་ཡིག་ཆ་ཚད་ལྡན་དུ་གཏོང་བ་སོགས་ལ་རྨང་གཞི་བརྟན་པོ་བཏིང་ཡོད། ལོ་ལྔའི་རིང་རང་ལྗོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱིས་བོད་རྒྱ་སྐད་གཉིས་ཀྱི་གསོ་སྦྱོང་འཛིན་གྲྭ་དུས་ཐེངས་8གཉེར་བར་མི་ཐེངས་574ཞུགས་ཡོད།

ཁྲིམས་སྐྱོང་དྲིལ་བསྒྲགས་བྱས་པས།

ཁྲིམས་འཛིན་ཞབས་འདེགས་ཞུ་ཡུལ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ།

འདས་ཟིན་པའི་ལོ་5ཡི་རིང་། རང་ལྗོངས་ཀྱི་ཁྲིམས་ཁང་ཁོངས་གཏོགས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་མཐའ་འཁྱོངས་བྱས་ཏེ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སློབ་གསོ་དང་མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་ཁྲིམས་སྐྱོང་དྲིལ་བསྒྲགས་ནང་བཅུག་ནས“རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”སོགས་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་ཐེངས་860ལྷག་ཙམ་བྱས་པ་དང་། ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་དང“གཙང་པོ་གཉིས་དང་ཆུ་བོ་བཞིའི”ནགས་བཟོ་སྔོ་སྒྱུར་དང་ཕྱོགས་བསྡུས་བཅོས་སྒྲིག ལྷ་སའི་ལྷོ་རི་བྱང་རིའི་སྔོ་སྒྱུར་སོགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་ཐེངས་1100ལྷག་ཙམ་སྒྲིག་འཛུགས་བྱས་ནས་སྤེལ་བར་མང་ཚོགས་མི་ཐེངས་ཁྲི་43ལྷག་ཙམ་ལ་སློབ་གསོ་ཐོབ་པ་དང་། “མཐའ་མཚམས་གྲོང་ཚོ་དང་། ཤང་། གྲོང་རྡལ་བཅས་ལ་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”བྱེད་སྒོ་གཏིང་ཟབ་སྤེལ་ནས་རྒྱལ་མཚམས་འཛུལ་སྒྲོལ་དོ་དམ་བཅའ་ཁྲིམས་དང་མཐའ་མཚམས་དོ་དམ་སྲོལ་ཡིག་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་དྲིལ་བསྒྲགས་ཐེངས་260ལྷག་ཙམ་བྱས་པར་མང་ཚོགས་མི་ཐེངས་ཁྲི་23.7ལྷག་ཙམ་ལ་སློབ་གསོ་ཐོབ་ཡོད། ལྷ་སའི་དམག་དོན་ཁྲིམས་ཁང་དང་མཉམ་དུ་རྒྱུན་རྣམ་ཅན་གྱི“བཅའ་ཁྲིམས་དམག་སྒར་དུ་ཁྱབ་གདལ་གཏོང་བའི”བྱེད་སྒོ་ཐེངས་57སྤེལ་ནས། དམག་དམངས་མཉམ་སྐྲུན་གྱི“མཉམ་སྤེལ་ལྔ་དང་སྲ་བརྟན་ལྔ”གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་བས་དགའ་འོས་པའི་གྲུབ་འབྲས་ཐོབ་ཡོད།