རང་སྐྱོང་ལྗོངས་རིམ་པའི་མཛེས་སྡུག་དང་སྡོད་མལ་གྱི་དཔེ་སྟོན་གྲོང་ཚོ་230མང་དུ་བཏང་བ། 2023-03-28

ཉིན་ཤས་གོང་། གསར་འགོད་པས་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། 《བོད་རང་སྐྱོང་ལྗོངས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་གི་མཛེས་སྡུག་དང་སྡོད་མལ་གྱི་དཔེ་སྟོན་གྲོང་ཚོ་འཛུགས་གཏོད་ལས་དོན་གྱི་མཛུབ་ཁྲིད་བསམ་འཆར》དང《བོད་རང་སྐྱོང་ལྗོངས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་གི་མཛེས་སྡུག་དང་སྡོད་མལ་གྱི་དཔེ་སྟོན་གྲོང་ཚོ་ངོས་འཛིན་གཏན་འཁེལ་བྱེད་ཐབས》ཀྱི་བླང་བྱ་ལྟར། ཉེ་དུས། རང་ལྗོངས་ཀྱིས་2022ལོའི་མཛེས་སྡུག་དང་སྡོད་མལ་གྱི་དཔེ་སྟོན་གྲོང་ཚོ་འདུན་ཞུ་དང་ངོས་འཛིན་གཏན་འཁེལ་གྱི་ལས་དོན་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།

ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་བདེ་ཆེན་གྲོང་རྡལ་ཤིང་ཚང་གྲོང་ཚོ་སོགས་གྲོང་ཚོ་དང་གྲོང་ལྷན་230མཛེས་སྡུག་དང་སྡོད་མལ་གྱི་དཔེ་སྟོན་གྲོང་ཚོ་འཛུགས་གཏོད་ཀྱི་ཆ་རྐྱེན་དང་མཐུན་པར་བརྟེན། རང་སྐྱོང་ལྗོངས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་2022ལོའི་རང་སྐྱོང་ལྗོངས་རིམ་པའི་མཛེས་སྡུག་དང་སྡོད་མལ་གྱི་དཔེ་སྟོན་གྲོང་ཚོར་ངོས་འཛིན་གཏན་འཁེལ་བྱས་ཤིང་། དེའི་ནང་མཛེས་སྡུག་དང་སྤྲོ་གསེང་གི་དཔེ་སྟོན་གྲོང་ཚོ་51དང་། བདེ་སྐྱིད་དང་སྡོད་མལ་གྱི་དཔེ་སྟོན་གྲོང་ཚོ་110 ཁམས་གཙང་ལ་གྲལ་འགྲིག་པའི་དཔེ་སྟོན་གྲོང་ཚོ་69བཅས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 2020ལོར་མཛེས་སྡུག་དང་སྡོད་མལ་གྱི་དཔེ་སྟོན་གྲོང་ཚོ་འཛུགས་གཏོད་བྱེད་པའི་ལས་དོན་སྤེལ་བ་ནས་བཟུང་། ལྗོངས་ཡོངས་སུ་རིམ་རྩིས་བྱས་ན་རང་སྐྱོང་ལྗོངས་རིམ་པའི་མཛེས་སྡུག་དང་སྡོད་མལ་གྱི་དཔེ་སྟོན་གྲོང་ཚོ་505འཛུགས་གཏོད་དང་ངོས་འཛིན་གཏན་འཁེལ་བྱས་ནས་སྤྱིའི་དམིགས་ཚད་ལས་འགན་གྱི་50.5%འགྲུབ་ཡོད་པ་རེད།