དམངས་འཚོའི་གྲུབ་འབྲས་ལས“བདེ་སྐྱིད”ལྷག་པར་ཚོར་བ། 2023-03-28

འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་གྲོལ་རྗེས་ལྷ་ས་གྲོང་ཁྱེར་གྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་ཟབ་མོ་དེ་ཉིད་དམངས་འཚོ་མུ་མཐུད་འགན་ལེན་དང་ལེགས་སུ་གཏོང་བའི་བྱ་སྤྱོད་ངོ་མར་བརྩིས་ནས“དམངས་འཚོའི་གསལ་ཐོ”དང“བདེ་སྐྱིད་ཀྱི་རྩིས་ཐོ”རེ་རེ་བཞིན་དོན་འཁྱོལ་བྱས་ནས་དོན་དག་ངོ་མ་རེ་རེ་ལས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་རྣམ་པ་མཚོན་པར་བྱས་ཡོད།

རྒན་གསོའི་ཞབས་ཞུ་ལེགས་སུ་བཏང་བས་རྒན་རྒོན་གྱི་ཚེ་མཇུག་བདེ་ལ་རོལ་བ།

འདི་ལོའི་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་རྒན་གསོའི་ཞབས་ཞུ་འགན་ལེན་ལ་ཤུགས་སྣོན་རྒྱག་པ་དང་བུ་བཙའི་རྒྱབ་སྐྱོར་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་དེ་འདི་ལོའི་གཞི་རྩའི་དམངས་འཚོ་འགན་ལེན་དང་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་གཏོང་བའི་ལས་ཀའི་གཙོ་གནད་གྲས་སུ་གཏན་འཁེལ་བྱས་ཡོད། ལྷ་ས་གྲོང་ཁྱེར་གྱི་སྤྱི་ཚོགས་ཕན་བདེ་ཁང་ཁག་གིས་རྒན་གསོའི་ཞབས་ཞུའི་ཐོན་ཁུངས་བསྡུ་སྒྲིལ་དང་མཉེན་ཆས་དང་མཁྲེགས་ཆས་ཀྱི་སྒྲིག་བཀོད་ལེགས་སུ་བཏང་བ་བརྒྱུད། རྒན་རྒོན་གྱི་འཚོ་སྡོད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཤུགས་ཆེན་ཕྱིན་ནས་རྒན་རྒོན་རྣམས་ལ་རྒས་དུས་རྟེན་ས་ཡོད་པ་དང་རྒས་དུས་སྤྲོ་སྣང་ལྡན་པ་བྱུང་ཡོད།

ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་སུ་ལོ་80ལ་སླེབས་པའི་རྒན་མོ་ཆོས་བསྟན་གྱིས“ང་ལ་ཕྲུ་གུ་མེད་ལ། དཔལ་འབྱོར་གྱི་ཡོང་ཁུངས་གང་ཡང་མེད། 2015ལོར་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་སྤྱོད་འགོ་ཚུགས་རྗེས་ང་རང་འདི་གར་སྤོས་པ་ཡིན། ལས་དོན་མི་སྣས་གཉེན་ཉེ་ལྟར་ང་ཚོར་ལྟ་རྟོག་བྱེད་པས། ཁྱིམ་དུ་སྡོད་སྐབས་ལས་འཚོ་བ་ཡག་པ་འདུག”ཅེས་བཤད།

མིག་སྔར། ལྷུན་གྲུབ་རྫོང་གི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་གཅིག་སྡུད་བསྙེན་བཀུར་ཞབས་ཞུའི་ལྟེ་གནས་སུ་དམིགས་བསལ་དཀའ་ངལ་ཡོད་པའི་རྒན་རྒོན་85ཡོད། ལོ་མང་རིང་། ལྷུན་གྲུབ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མ་དངུལ་གཏོང་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྲུན་དང་རྒན་རྒོན་གྱི་འཚོ་བ་ལེགས་སུ་གཏོང་བར་སྤྱད་ཡོད། “རྒས་དུས་འཚོ་རྟེན་ཡོད་པ་དང་། རྒས་དུས་སྨན་བཅོས་ཐུབ་པ། རྒས་དུས་ལས་རྒྱུ་ཡོད་པ། རྒས་དུས་སྦྱོང་རྒྱུ་ཡོད་པ། རྒས་དུས་སེམས་པ་སྐྱིད་པ་བཅས་ཡོང་བའི”ཞབས་ཞུའི་དམིགས་ཡུལ་ལ་གཞིགས་ཏེ་ལྟེ་གནས་དེས་རྒན་རྒོན་ཚོའི་ཟས་གོས་སྡོད་གསུམ་ལ་ཞབས་འདེགས་ཞུས་པས་ཚང་མས་ཁྱིམ་ཚང་ལྟ་བུའི་དྲོ་སྐྱིད་ཚོར་ཡོད།

དམངས་འཚོའི་མཐའ་ཚད་བསྲུངས་ནས་དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ།

འདི་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས་པ་དེ་སླར་ཡང་གླེང་མང་ཤོས་སུ་གྱུར་ཡོད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང“དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་དགོས”ཞེས་པ་སོགས་བཏོན་ཡོད།

དབུལ་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། ལྷ་ས་གྲོང་ཁྱེར་གྱིས་དབུལ་སྒྲོལ་མི་འབོར་ལ་སྐབས་བསྟུན་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་སྣོན་བརྒྱབ་ནས་དུས་ཐོག་ཏུ་ཤེས་རྟོགས་དང་། དུས་ཐོག་ཏུ་རོགས་སྐྱོར། ཉེན་ཁ་སེལ་བ་བཅས་ཐུབ་པར་བྱས་ཡོད། “ང་ཚོས་གཟའ་འཁོར་རེར་ལས་དོན་མི་སྣ་གཞི་རིམ་དུ་མངགས་ནས་གོང་ཞུ་བྱས་པའི་ལྟ་ཞིབ་ཚད་ལེན་བྱ་ཡུལ་གྱི་དུད་ཚང་རེ་རེ་བཞིན་བསྐྱར་ཞིབ་བྱས་ཏེ་དུད་ཚང་ཚང་མའི་གནས་ཚུལ་ཞིབ་ཕྲ་དང་དབུལ་ལོག་དང་དབུལ་པོར་གྱུར་རྐྱེན་ཤེས་རྟོགས་ཞིབ་ཕྲ་བྱེད་ཀྱི་ཡོད”ཅེས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་གཞོན་པ་མུའུ་ཧྲ་ལ་ཡིས་ངོ་སྤྲོད་བྱས།

བདེ་ཆེན་ནི་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་སྡེ་ཁུལ་གྱི་གྲོང་མི་ཞིག་རེད། 2022ལོའི་ཟླ་8པར་བཟའ་ཟླ་ནད་ཀྱིས་མནར་ནས་གྲོངས། བདེ་ཆེན་སེམས་སྡུག་གིས་མནར་ཏེ་ལྷ་སའི་སྨན་ཁང་ཞིག་ཏུ་སྨན་བཅོས་ཟླ་བ་གཅིག་ཙམ་བྱེད་དགོས་བྱུང་ཡོད། ལོ་དེའི་ཟླ་12པར། བདེ་ཆེན་གྱི་བུ་ཨ་ནུའུ་ཟླ་བ་གཟུགས་པོ་མི་བདེ་བས་སྨན་ཁང་དུ་བརྟག་དཔྱད་བྱེད་སྐབས། དོས་དྲག་རང་བཞིན་གྱི་མཆིན་ནུས་ཉམས་པ་ཤེས་རྗེས། ཁྲེང་ཏུའུ་རུ་སྨན་རིན་ཁོ་ནར་སྒོར་ཁྲི་12ལྷག་ཙམ་ཕྱིན་པས། ཡོང་འབབ་མེད་པའི་བདེ་ཆེན་གྱི་ནང་མི་རྣམས་ལ་མུ་གེའི་སྒང་ལ་ཟླ་ལྷག་ལྟ་བུར་གྱུར་ཡོད།

ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གྲོང་གསེབ་དར་རྒྱས་ཅུས་དང་གནས་ཆུང་ཁྲོམ་གཞུང་དོན་གཅོད་ཁང་གིས་བདེ་ཆེན་ཁྱིམ་གྱི་གནས་ཚུལ་ཤེས་རྗེས། དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་གྱི་རོགས་སྐྱོར་འཕྲལ་མར་སྤེལ་ནས་བདེ་ཆེན་གྱི་ཁྱིམ་དབུལ་ལོག་སྔོན་འགོག་གི་ལྟ་ཞིབ་ཚད་ལེན་དུད་ཚང་དུ་རེ་ཞུ་བྱས་པ་མ་ཟད། སྟོད་ལུང་བདེ་ཆེན་ཆུས་གྲོང་གསེབ་དར་རྒྱས་ཅུས་ཀྱིས་གནས་ཆུང་སྡེ་ཁུལ་དང་གནས་ཆུང་ཁྲོམ་གཞུང་དོན་གཅོད་ཁང་དང་མཐུན་སྦྱོར་བྱས་ཏེ་བདེ་ཆེན་ལ་སྡེ་ཁུལ་ནས་སྐྱེ་ཁམས་སྲུང་སྐྱོང་གི་ལས་གནས་བཀོད་སྒྲིག་བྱས་པ་དང་། བདེ་ཆེན་ཁྱིམ་2022ལོའི་ཐོན་ལས་ཀྱི་བགོ་འགྲེམ་ནང་བཅུག་ནས་ཡོང་འབབ་མང་དུ་བཏང་ཡོད།

རིག་གནས་དམངས་ཕན་ལས་མང་ཚོགས་ཀྱི་བསམ་པའི་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ།

“ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཡིན་པའི་ནང་མ་སྟོད་གཞས་འདི་རྒྱུན་འཛིན་ཡག་པོ་བྱ་རྒྱུ་ནི་ང་ཚོའི་དོར་ཐབས་མེད་པའི་འགན་འཁྲི་ཞིག་རེད། ང་ཚོས་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་གི‘སྐལ་བཟང་བསིལ་ཁང’ལ་བརྟེན་ནས་ནང་མ་སྟོད་གཞས་ཀྱི་སློབ་སྦྱོང་ཚོགས་པ་ཞིག་སྒྲིག་འཛུགས་བྱས་པར། ཐོག་མར་ཁོངས་མི་7ལས་མེད་པ་ནས་ད་ཆའི་མི་223བར་མང་དུ་ཕྱིན་ཡོད། དེ་དང་ཆབས་ཅིག ང་ཚོས་ད་དུང་ནང་མ་སྟོད་གཞས་འཁྲབ་སྟོན་རུ་ཁག་བཙུགས་ནས་གཞི་རིམ་གྱི་འབྲོག་ཁུལ་དུ་རིག་རྩལ་འཁྲབ་སྟོན་བྱེད་པར་བསྐྱོད་པས་རྒྱ་ཆེའི་མང་ཚོགས་ཀྱི་བསམ་པའི་འཚོ་བ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད”ཅེས་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་བུད་མེད་མཉམ་འབྲེལ་ལྷན་ཚོགས་ནང་མ་སྟོད་གཞས་རུ་ཁག་གི་དགེ་རྒན་བདེ་སྐྱིད་ཀྱིས་ངོ་སྤྲོད་བྱས།

མི་དམངས་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བའི་དགོས་མཁོ་སྐོང་ཆེད། ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་རིག་གནས་ཀྱི“བསམ་བློ་སྟངས་འཛིན”དང“ཤེས་རྒྱ་ཆེ་རུ་གཏོང་བའི”གཙོ་ཤུགས་དམག་གི་ནུས་པ་ལེགས་པར་བཏོན་ཏེ། རིག་རྩལ་སྤུས་རྟགས་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་ནས་གཞི་རིམ་གྱི་རིག་གནས་འཐབ་ས་སྟོབས་ཆེར་གཏོང་བ་དང་། རིག་གནས་དམངས་ཕན་གྱི་འདུ་འགོད་སྤུས་ཚད་མཐོ་པོས་ལག་ལེན་བསྟར་བ། ཕུལ་བྱུང་གི་རིག་རྩལ་བརྩམས་ཆོས་གསར་རྩོམ་བྱེད་ཤུགས་ཆེ་རུ་གཏོང་བ། རྫོང(ཆུས)སྒྱུ་རྩལ་ཚོགས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྲོང་ཚོ་རིམ་པའི་རིག་རྩལ་འཁྲབ་སྟོན་དཔུང་ཁག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་པས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་སྔར་བས་ཆེ་རུ་ཕྱིན་ཡོད།

དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བར་འགོ་འཛུགས་ས་གསར་པ་ཟམ་མི་ཆད་པར་ཐོན་པ་ལས་ཚར་དུས་མེད། ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་དམངས་ཀྱི་རེ་འདུན་དེ་སྲིད་དོན་གྱི་ཁ་ཕྱོགས་སུ་བརྩི་བ་དང་དམངས་ཀྱི་དགོས་མཁོ་དེ་སྲིད་དོན་གྱི་བྱས་རྗེས་སུ་བརྩིས་ནས་བློ་བརྟན་འགྱུར་མེད་ངང་དམངས་འཚོའི་བདེ་རྩ་ཆེ་རུ་བཏང་སྟེ་མང་ཚོགས་དེ་བས་མང་བས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་སྔར་བས་ལོངས་སུ་སྤྱོད་ཐུབ་པར་བྱས་ཡོད།