འབད་འབུངས་མདུན་སྐྱོད་བྱེད། རྒྱང་ལམ་གསར་པ་གཏོད། 2023-03-28

སྤྱི་ཟླ་3པར་ས་གཞི་ཆེན་པོར་དཔྱིད་དཔལ་རབ་ཏུ་བཞད་ཅིང་། རང་ལྗོངས་ཀྱི་ས་གནས་ཁག་ཏུ་དཔྱིད་རྨོད་དཔྱིད་འདེབས་ཀྱི་ནམ་དུས་རིམ་བཞིན་ཤར།

ཟླ་3ཚེས་16ཉིན་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་གྲོང་ཚོར་ལོ་གཅིག་དུས་གཅིག་གི་རྨོད་གཉའ་གཅོག་པའི་མཛད་སྒོ་གཉེར་བ་རེད། ཞིང་འཕྲུལ་33གྱིས་གྲལ་སྟར་འགྲིག་པོས་རེ་བའི་ས་བོན་འདེབས་པ་མཐོང་སྐབས། འདི་ལོ་ལོ་97ལ་སླེབས་པའི་གྲོང་མི་ཚེ་རིང་ལྷ་མོར་མྱོང་ཚོར་མང་པོ་བྱུང་ཞིང་། ཁོང་གིས“བོད་རྙིང་པར་ཞིང་ལས་ཐོན་སྐྱེད་ཡོ་བྱད་ཧ་ཅང་རྗེས་ལུས་ཡིན་པའི་ཁར་གྲངས་འབོར་ཡང་ཉུང་ཉུང་རེད། སྔོན་ཆད་ཞིང་ཁ་རྨོ་སྐབས་མང་ཆེ་བ་རྨོན་དོར་ཡིན་པ་དང་། ད་ཆ་སྔོན་ཆད་བསམ་བློར་ཡང་འཁོར་མྱོང་མེད་པའི་རྨོ་འདེབས་འཕྲུལ་འཁོར་དང་བཙས་འཁོར་སོགས་ཞིང་ལས་འཕྲུལ་ཆས་མི་ཚང་ཚང་མར་ཡོད”ཅེས་བཤད།

གྲངས་གཞི་ལས་མངོན་པར། 2022ལོའི་ལོ་མཇུག་བར་རང་ལྗོངས་ཀྱི་ཞིང་འཕྲུལ་གྱི་སྒུལ་ཤུགས་བསྡོམས་ཆན་ཝ་ཁྲི་731.1ཟིན་པ་དང་ལག་ཡོད་ཞིང་འཕྲུལ་སྒྲིག་ཆས་ཁྲི་54.56ཟིན་ཡོད། རང་ལྗོངས་ཀྱི་གྲོང་གསེབ་ཀྱི་ཐོན་སྐྱེད་ཡོ་བྱད་རྗེས་ལུས་ནས་སྔོན་ཐོན་བར་དང་ཉུང་བ་ནས་མང་བའི་བར་འཕེལ་རྒྱས་ཕྱིན་པ་དང་ཞིང་ལས་འཕྲུལ་ཆས་ཅན་དུ་བསྒྱུར་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དེ་ཡང་། རང་ལྗོངས་ཀྱི་ཞིང་ལས་ལ་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་བའི་དཔེ་མཚོན་ཞིག་རེད།

ཞིང་ལས་ཙམ་མ་ཟད། ལོ་64ཡི་རིང་དམངས་འཚོའི་བདེ་རྩ་དང་འབྲེལ་བ་ཡོད་པའི་བྱ་གཞག་ཚང་མ་བྱ་འཕུར་བ་ལྟར་འཕེལ་རྒྱས་ཕྱིན་ཡོད།

སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་། 2022ལོར་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་8%ཙམ་དང་10%ཙམ་སོ་སོར་འཕར་བ་དང་། འབྲུ་རིགས་དང་། སྔོ་ཚལ། ཤ་སྒོང་འོ་མ་བཅས་ཀྱི་ཐོན་ཚད་ཏུན་ཁྲི་107དང་། ཏུན་ཁྲི་93 ཏུན་ཁྲི་88བཅས་སོ་སོར་ཟིན་པ། མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་98%ཡན་རྒྱུན་འཁྱོངས་ཐུབ་པ་སོགས་གཟེངས་སུ་ཐོན་པའི་གྲུབ་འབྲས་དེ་དག་ལས་མངོན་པ་ནི་མིག་སྔའི་རང་ལྗོངས་ཀྱི་སྤྱི་ཚོགས་སྤྱི་ཡོངས་ཞི་མཐུན་བརྟན་ལྷིང་ཡིན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཁོར་ཡུག་བཟང་པོ་རྒྱུན་འཁྱོངས་ཐུབ་པ། མཐའ་སྟོབས་མཐའ་བརྟན་འཛུགས་སྐྲུན་མགྱོགས་པོ་བྱེད་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་རི་མོ་ཞིག་རེད།

“སྔོན་ཆད་རྟག་ཏུ་གོས་ཀྱིས་ལུས་པོ་མི་དྲོད་པ་དང་ཟས་ཀྱིས་གྲོད་པ་མི་རྒྱགས་ཅིང་། སྡོད་སའི་ཁང་པ་མེད་ལ‘བཙོག་ཟིང་ཞན’གསུམ་གྱི་ཁོར་ཡུག་གི་སྣང་ཚུལ་ཚབས་ཆེན་པོ་ཡོད། ད་ཆ་ཁྱིམ་ཚང་ཚང་མ་རྒྱ་ཆེ་ཞིང་དཀར་ཆ་དོད་པའི་སྡོད་ཁང་དུ་སྤོས་ནས་ཟས་གོས་ལ་སེམས་ཁྲལ་མེད་ལ། ཁོར་ཡུག་གཙང་ཞིང་གྲལ་འགྲིག་པ་མ་ཟད་མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོད”ཅེས་ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་མཁར་ལྟག་ཤང་མཁར་ལྟག་གྲོང་ཚོའི་གྲོང་མི་སྒྲོལ་མས་མྱོང་ཚོར་ཟབ་མོས་བཤད།

ལོ་64ཡི་རིང་རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་སྔ་ས་ནས་རྒྱལ་ཁབ་ཀྱི་བདག་པོར་གྱུར་པ་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས། མི་རིཌ་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་བཅས་སྔ་ས་ནས་མི་སེམས་སུ་གཏིང་ཟབ་ཟུག་ནས་གཡོ་འགུལ་ཐེབས་མི་སྲིད་པ་ཞིག་ཏུ་གྱུར་ཡོད། “1960ལོར་ཏང་ལ་ཞུགས་ཚུན་ཏང་གིས་ཐོག་མཐའ་བར་གསུམ་དུ་ཐམས་ཅད་མི་དམངས་ཀྱི་ཆེད་དུ་མཐའ་འཁྱོངས་གནང་གི་ཡོད་པ་དངོས་སུ་ཚོར་བྱུང་། ཏང་གི་སྣེ་ཁྲིད་འོག་ང་ཚོའི་གྲོང་ཚོར་གནམ་ས་བླ་འོག་ཏུ་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་ཕྱིན་པ། སྐྱིད་སྣང་དོད་དུ་ཕྱིན་ཡོད”ཅེས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱི་ཏང་ཡོན་རྒན་གྲས་བདེ་དགའ་ཡིས་བཤད།

འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་འགོ་ཚུགས་ཀྱི་ལོ་ཞིག་ཡིན་ལ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་རེད། རྒྱང་ལམ་གསར་པར་ཕྱོགས་སྐབས་འཆར་གཞི་བཀོད་ཟིན་ལ་དུང་བརྡ་ཡང་གྲགས་ཟིན།

“ཏང་གི་ཚོགས་ཆེན་ཉི་ཤུ་པར་བཀོད་པའི་བརྗིད་ཆེའི་འཆར་གཞི་དོན་དངོས་སུ་གྱུར་པར་འགག་རྩ་ནི་བྱ་སྤྱོད་ལ་ཐུག་ཡོད”ཆབ་མདོ་གྲོང་ཁྱེར་ཁྲལ་དོན་ཅུས་གཞུང་ལས་ཁང་གི་ཀྲུའུ་རེན་ཚེ་དབང་དཔལ་མཚོས་གོམ་སྟབས་རྗེས་མར་རང་འཁྲིའི་ལས་ཀར་མུ་མཐུད་གཞི་ཚུགས་ཏེ། ཁྲལ་དོན་གྱི་གསུང་སྒྲ་བརྒྱུད་བསྒྲགས་ཡག་པོ་དང་ཁྲལ་དོན་གྱི་གཏམ་རྒྱུད་ཡག་པོ་བརྗོད་ནས“དོན་ཆེན་བཞི”དང“འཛུགས་གཏོད་བཞིའི”ལག་ལེན་གྱི་ཚ་རླབས་ཁྲོད་ཧུར་ཐག་ཞུགས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་དུས་རབས་གསར་པའི་ཁྲལ་དོན་པའི་འགན་འཁྲི་འཁུར་སེམས་མངོན་པར་བྱེད་ཀྱི་ཡིན་ཞེས་བཤད།

ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་ནས་སྐད་གྲགས་ཅུང་ཙམ་ལྡན་པའི་ཚོང་པ་ཞིག་ཏུ་གྱུར་པའི་བར། ད་ཆ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་རྒྱ་མཚོ་གཞུང་ཤང་དགྲ་འདུལ་གྲོང་ཚོའི་གྲོང་མི་བསོད་ནམས་བཀྲ་ཤིས་གོམ་ཞེང་ཆེན་པོས་བདེ་སྐྱིད་ལྡན་པའི་འཚོ་བའི་ཕྱོགས་སུ་སྐྱོད་བཞིན་ཡོད། “ངས་དྲ་ཐོག་ཚོང་དོན་གྱི་ལས་སྒོ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གྲོང་ཚོའི་ཞིང་ལས་ཐོན་རྫས་སྤུས་ལེགས་དེ་བས་མང་བ་ཕྱིར་འཚོང་ཐུབ་པ་བྱེད་ཀྱི་ཡིན། འབྱུང་འགྱུར་ང་ཚོ་མི་སེར་གྱི་འཚོ་བ་སྔར་བས་ཡག་ཏུ་འགྲོ་ངེས་ཡིན་པ་ང་ལ་ཡིད་ཆེས་བརྟན་པོ་ཡོད”ཅེས་བཤད།

བྱ་གཞག་རླབས་པོ་ཆེ་ནི་ཕུགས་འདུན་ལས་འགོ་བརྩམས་ཏེ་གསར་གཏོད་ལ་བརྟེན་ནས་ལག་ལེན་བྱས་པ་བརྒྱུད་མངོན་འགྱུར་བྱུང་བ་ཞིག་རེད། དེས་ན་ང་ཚོས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། དཔའ་ངར་ཆེར་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས། ངར་སེམས་ཆེར་སྐྱེད་དང་དཔའ་ངར་ཆེན་པོས་མདུན་སྐྱོད། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་དཀའ་སྤྱད་འབད་བརྩོན་བཅས་བྱས་ཏེ་རང་ཉིད་ཀྱི་འབད་འཐབ་དང་ལག་ལེན་ལ་བརྟེན་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས།