འགྱུར་ལྡོག་ངོ་མཚར་ཆེ། བདེ་སྐྱིད་དབྱངས་ལ་འགུག 2023-03-28

1959ལོར། ཀྲུང་གོ་གུང་ཁྲན་ཏང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་འོག་བོད་དུ་ཚ་ཚ་འུར་འུར་དང་ཟིལ་རླབས་དགུང་འཕྱུར་གྱི་དམངས་གཙོའི་བཅོས་སྒྱུར་བྱས་ནས་མུན་ནག་དང་རྗེས་ལུས་ཀྱི་ཆོས་སྲིད་ཟུང་འབྲེལ་ལམ་ལུགས་རྦད་དེ་རྩ་མེད་བཟོས་པས། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་སྟེ་རང་ཁྱིམ་རང་བདག་གི་འཚོ་བ་གསར་པ་སྐྱེལ་འགོ་ཚུགས།

བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་64སོང་རིང་། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག བོད་ཀྱི་སྤྱི་ཚོགས་དེ་བས་བརྟན་ལྷིང་དང་། དཔལ་འབྱོར་དང་རིག་གནས་དེ་བས་དར་རྒྱས། སྐྱེ་ཁམས་ཁོར་ཡུག་དེ་བས་ལེགས་པ། མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་བཅས་བྱུང་ནས། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་རྐྱང་ཞིག་འཛམ་གླིང་སྐྱེ་བོ་ཀུན་གྱི་མིག་ལམ་དུ་མངོན་ཡོད་ལ། རྒྱ་ཆེའི་ཡར་ལངས་ཞིང་བྲན་དང་ཞིང་བྲན་གྱི་རྗེས་རབས་པའི་འཚོ་བ་ཉིན་རེ་ལས་མ་འདས་པར་བདེ་སྐྱིད་ལྡན་པར་གྱུར་ཡོད།

འཁྲབ་སྟོན་སྒྱུ་རྩལ་པ་དབང་འདུས་རྒན་པས་བརྗོད་དོན།

“ངའི་ཡོད་ཚད་ཏང་གི་གསོ་སྐྱོང་ལས་བྱུང”

1964ལོར། གློག་བརྙན《ཞིང་བྲན》ཞེས་པ་རྒྱལ་ཡོངས་སུ་བསྟན་འགོ་ཚུགས། གློག་བརྙན་དེའི་ནང་བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་དབང་འདུས་རྒན་པས་མི་སྣ་གཙོ་བོ་ཞིང་བྲན་བྱམས་པ་འཁྲབ་ཡོད། ཁོང་གིས་སེམས་ནུས་ཡོད་ཚད་བཏོན་ཏེ་བབ་ཆགས་ལ་མི་སེམས་འགུལ་བའི་འཁྲབ་རྩལ་ལ་བརྟེན་ནས་མི་སྣའི་གཟུགས་བརྙན་ཇི་མ་ཇི་བཞིན་ལྟད་མོ་བའི་མིག་ལམ་དུ་མངོན་པར་བྱས་པས། རྒྱལ་ཁབ་ཕྱི་ནང་དུ་ཤུགས་རྐྱེན་བཟང་པོ་ལྡན་པའི་གྲགས་ཅན་འཁྲབ་སྟོན་སྒྱུ་རྩལ་པ་ཞིག་ཏུ་གྱུར།

འོན་ཏེ། གློག་བརྙན་དེ་ལྟ་མྱོང་བའི་མི་མང་པོས་དབང་འདུས་རྒན་པས་རང་ཉིད་ཀྱི་སྔར་སོང་དང་ད་ཆའི་མྱོང་བ་དངོས་གློག་བརྙན་དེའི་ནང་ཇི་མ་ཇི་བཞིན་མཚོན་པར་བྱས་པ་ག་ལ་ཤེས་སྲིད། ཁོང་སྐུ་འཚོ་བཞུཌ་སྐབས། “བྱམས་པ་ནི་རང་ཉིད་ཀྱི་སྔར་སོང་འཚོ་བ་བསྐྱར་དུ་མཚོན་པ་ཞིག་ཡིན”ཞེས་བརྗོད་མྱོང་ཡོད།

དབང་འདུས་རྒན་པ་ནི་བོད་རྙིང་པར་ལྷོ་ཁ་གོང་དཀར་རྫོང་གི་ཞིང་བྲན་གྱི་ཁྱིམ་ཚང་ཞིག་ཏུ་སྐྱེས། ལོ་13ནས་བཟུང་ཞིང་བྲན་བདག་པོའི་གཞིས་ཀར་ཞིང་ལས་ཚར་རྒྱུ་མེད་པ་བྱས་ཀྱང་། ལྟོ་གྲོད་པ་རྒྱགས་པ་ཞིག་རག་མྱོང་མེད།

ལོ་17ལ་སླེབས་པའི་ཉིན་ཞིག གཉའ་གནོན་བཟོད་ཐབས་བྲལ་བའི་དབང་འདུས་རྒན་པ་གཞིས་ཀ་ནས་བྲོས་ཏེ་ལྷ་སའི་འབྲས་སྤུངས་དགོན་དུ་གྲྭ་པ་བྱས། མ་གཞི་དགོན་པར་ཞིང་ལས་བྱེད་མི་དགོས་ཀྱང་། གྲྭ་པ་དཀྱུས་མ་ཞིག་གི་ཐོབ་ཐང་ལས་མེད། ཁོང་གིས་རང་རྣམ་ཞིག་ཏུ“ང་སྔར་བཞིན་ཞིང་བྲན་ལམ་ལུགས་ཀྱི་རླུང་ཙེ་ལས་ཐར་ཐབས་བྲལ། མི་ཡུལ་གྱི་དམྱལ་བ་ལས་ཐར་ཡང་མུན་ནག་གི་འོབས་དོང་གཞན་ཞིག་ཏུ་ལྷུངས་སོང”ཞེས་བྲིས་ཡོད།

བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་དབང་འདུས་རྒན་པས་གཞི་ནས་རེ་བའི་འོད་སྣང་ཐོག་མར་མཐོང་།

1959ལོའི་སྟོན་དུས། ཧྲང་ཧའེ་ཟློས་གར་སློབ་གླིང་ལ་རིག་གནས་པུའུ་དང་། བོད་ལྗོངས་ལས་དོན་ཨུ་ཡོན་ལྷན་ཁང་། རང་སྐྱོང་ལྗོངས་གྲ་སྒྲིག་ཨུ་ཡོན་ལྷན་ཁང་བཅས་ཀྱིས་སྤྲད་པའི་ལས་འགན་གལ་ཆེན་ཞིག་སྟེ། བོད་ལ་བོད་རིགས་ཀྱི་གཏམ་བརྗོད་ཟློས་གར་འཁྲབ་སྟོན་པ་ཁག་གཅིག་གསོ་སྐྱོང་བྱེད་དགོས་པ་དེ་རེད། སྐབས་དེ་དུས། སྐྱེ་ཁུངས་ཞིང་བྲན་ཡིན་པའི་དབང་འདུས་རྒན་པ་བསོད་ནམས་དབང་གིས་འཛིན་གྲྭ་དེའི་མི་29ཡི་གྲས་སུ་གྱུར།

2019ལོའི་ཟླ་9ཚེས་10ཉིན། ཟློས་གར་དང་གློག་བརྙན་བརྙན་འཕྲིན་འཁྲབ་སྟོན་གྱི་གྲགས་ཅན་སྒྱུ་རྩལ་པ། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ། “རྒྱལ་ཁབ་ལ་དམིགས་བསལ་ལེགས་སྐྱེས་འབུལ་མཁན་ཟློས་གར་སྒྱུ་རྩལ་པ”དབང་འདུས་རྒན་པ་སྙུང་གཞིས་རྐྱེན་པས་ལྷ་སར་སྐུ་གཤེགས་པ་དང་། སྐུ་གཤེགས་སྐབས་དགུང་ལོ་87རེད།

“ངའི་ཡོད་ཚད་ཏང་གི་གསོ་སྐྱོང་ལས་བྱུང་། གུང་ཁྲན་ཏང་གིས་ང་ལ་འཚོ་བ་གསར་པ་གནང་བ་མ་ཟད། རང་ཉིད་ལ་མི་ཚེའི་རིན་ཐང་མངོན་པའི་གོ་སྐབས་རྩ་ཆེན་ཡང་གནང་བྱུང”ཞེས་དབང་འདུས་རྒན་པ་སྐུ་འཚོ་བཞུགས་སྐབས་བརྗོད་མྱོང་ཡོད།

ཏང་ཡོན་རྒན་གྲས་ཉི་མས་བརྗོད་དོན།

“མཛེས་སྡུག་ལྡན་པའི་དུས་རབས་གསར་པར་ངོ་གནོང་མི་དགོས་པ་ཞིག་བྱེད་ཀྱི་ཡིན”

ལོ་78ལ་སླེབས་པའི་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་རྟ་དཀར་གྲོང་ཚོའི་གྲོང་མི་ཉི་མས་བོད་དུ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་གི་ལོ་14ཡི་རིང་སྤྱི་ཚོགས་རྙིང་པའི་མུན་ནག་གི་འཚོ་བ་སྐྱེལ་མྱོང་ཡོད། བོད་རྙིང་པར་འཚོ་བའི་དོན་དུ་ཁོང་དང་ནང་མི་ཚང་མས་ཞིང་བྲན་བདག་པོའི་གདུག་རྩུབ་ཆེ་བའི་བཤུ་གཞོག་གཉའ་གནོན་སྣ་ཚོགས་མྱོང་དགོས་བྱུང་ཡོད།

ཉི་མས་དྲན་གསོ་བྱེད་བཞིན་དུ“སྐབས་དེ་དུས། ངའི་བསམ་པར་མི་ཚེ་གཅིག་བྲན་གཡོག་བྱེད་དགོས་ཀྱི་རེད་སྙམ་བྱུང་། འོན་ཀྱང་བསམ་ཡུལ་ལས་འདས་པར། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་དམངས་གཙོའི་བཅོས་སྒྱུར་གྱི་དུང་བརྡ་བོད་དུ་བསྒྲགས་པས་ང་ཚོ་ཞིང་བྲན་རྣམས་ཡར་ལངས་བཅིངས་འགྲོལ་ཐོབ་སོང”ཞེས་བཤད།

དམངས་གཙོའི་བཅོས་སྒྱུར་བྱས་ནས་ཡུན་རིང་མ་སོང་བར། གྲོང་མི་ཚོས་ཉི་མ་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ལ་བདམས་ཏེ། ཁོང་གིས་ལོ་40ལྷག་ཙམ་རིང་མི་དམངས་ལ་ཞབས་འདེགས་ཞུ་བའི་གཟི་བརྗིད་ལྡན་པའི་ལས་འགན་ཕྲག་ཏུ་ཁུར། “ཏང་དང་རྒྱལ་ཁབ་ཀྱི་དམངས་ཕན་སྲིད་ཇུས་གྲངས་ལས་འདས་པ་ས་མཐོར་ལག་བསྟར་བྱས་ནས། བོད་དུ་དུས་ཐུང་ལོ་བཅུ་ཕྲག་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་ཀྱི་མི་ཡུལ་གྱི་ངོ་མཚར་མངོན་འགྱུར་བྱུང་བ་མཐོང་དུས། ཏང་ཡོན་རྒན་གྲས་ཤིག་གི་ངོས་ནས་ངའི་སེམས་ལ་དགའ་ཚོར་དཔག་མེད་ཡོང་གི་འདུག”ཅེས་ཉི་མས་བཤད།

ད་ཆ་ཉི་མ་ནི་ལྟོ་གོས་གཉིས་ལ་སེམས་ཁྲལ་མེད་པར་ཕྲུ་གུ་དང་ཚ་བོ་ཚོ་དང་མཉམ་དུ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད་ལ། གཞི་རིམ་གྱི་སྒྲོག་འགྲེལ་པར་གྱུར་ཡོད།

“སླད་ཕྱིན་ངས་ཏང་གི་གསུང་སྒྲ་མུ་མཐུད་སྒྲོག་འགྲེལ་ཡག་པོ་བྱས་ནས། ཚང་མས་ཐོག་མཐའ་བར་གསུམ་དུ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་ཁྲིད་སྟོན་བྱས་ཏེ་མཛེས་སྡུག་ལྡན་པའི་དུས་རབས་གསར་པར་ངོ་གནོང་མི་དགོས་པ་ཞིག་བྱེད་ཀྱི་ཡིན”ཞེས་ཉི་མས་སྒམ་ནན་ངང་བརྗོད།

ཞིང་བྲན་གྱི་རྗེས་རབས་པ་བཀྲ་ཤིས་ཚེ་མཚོས་བརྗོད་དོན།

“སློབ་མ་དེ་བས་མང་བས་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་སླ་པོར་བྱུང་བ་མིན་པ་ཤེས་སུ་འཇུག་གི་ཡིན”

བཀྲ་ཤིས་ཚེ་མཚོ་ནི་ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་རྫི་ཐོ་གྲོང་རྡལ་ནས་ཡིན་ཞིང་། 2019ལོར་རི་བོ་ཆེ་རྫོང་གི་དགེ་རྒན་གྱི་ལས་གནས་སུ་རྒྱུགས་འཕྲོད། དུས་ཐུང་ལོ་བཞིའི་ནང་ཁོང་གིས་ནང་མིའི་རེ་བ་ཆུད་ཟོས་སུ་མ་བཏང་བར་འབད་འཐབ་བྱས་པས་ད་ཆ་ཕུལ་བྱུང་གི་དགེ་རྒན་ཞིག་ཏུ་གྱུར་ཡོད།

བཀྲ་ཤིས་ཚེ་མཚོས“ང་ནི་ཞིང་བྲན་གྱི་རྗེས་རབས་པ་ཞིག་ཡིན། སྤོ་བོ་ལགས་ཀྱིས་རྒྱུན་དུ་ང་ལ་སློབ་སྦྱོང་ཡག་པོ་བྱས་ནས་སྤྱི་ཚོགས་ལ་ཕན་པའི་མི་ཞིག་བྱེད་དགོས་པའི་ཁ་ཏ་བསླབ་བྱ་གནང་གི་ཡོད”ཅེས་བརྗོད་པ་དང་། ཁོང་དང་གླེང་མོལ་བྱ་རིང་གསར་འགོད་པས་ཁོང་གི་སྤོ་བོ་ལགས་ནི་སྐྱེས་མ་ཐག་ཞིང་བྲན་དུ་གྱུར་པ་དང་། བོད་རྙིང་པར་ལྷོ་རོང་རྫི་ཐོ་ས་གནས་ཀྱི་ཞིང་བྲན་བདག་པོ་ཆེ་ཤོས་ཀ་ཡ་བུ་ཆུང་ཁྱིམ་རྒྱུད་ཀྱི་ཁྲལ་པར་གྱུར་ཏེ་མི་རབས་ནས་མི་རབས་བར་འཇལ་མི་ཚར་བའི་ཁྲལ་འུ་ལག་རྒྱུག་དགོས་བྱུང་བ་ཤེས་རྟོགས་བྱུང་།

1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཁོང་གི་སྤོ་བོ་དང་འདྲ་བའི་ཞིང་བྲན་རྣམས་ལ་ཡར་ལངས་བཅིངས་འགྲོལ་ཐོབ་པ་རེད།

སྤོ་བོ་ལགས་ཀྱིས་རྒྱུན་དུ་བོད་རྙིང་པའི་སྡུག་བསྔལ་དང་བོད་གསར་པའི་བདེ་སྐྱིད་སྐོར་གླེང་བས་བཀྲ་ཤིས་ཚེ་མཚོས་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་ཤེས། ད་ཆ་ཁོང་གིས་སློབ་གསོའི་འཐབ་ཕྱོགས་སུ་འབད་འཐབ་བྱས་ནས་སློབ་མ་ཚོར་ངང་རྒྱུད་རིང་པོས་བོད་གསར་རྙིང་གི་བསྡུར་བ་བཤད་དེ་སློབ་མ་དེ་བས་མང་བས་བདེ་སྐྱིད་ལྡན་པའི་འཚོ་བ་ནི་ལས་སླ་པོར་བྱུང་བ་མིན་པ་ཤེས་སུ་འཇུག་གི་ཡོད།