སྒྱུག་མོ་ཡག་པོ་ཞིག་དང་ཐུག་པ་ནི་མནའ་མའི་བདེ་སྐྱིད་རེད། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2023-12-29

སྒྱུག་མོས་ཉིན་ལྟར་ཞོགས་པ་སྔ་པོ་ནས་ལངས་ཏེ་ཆུ་སྐོལ་བ་དང་། ཁ་ལག་བཟོ་བ། ཇ་སྲུབས་པ་སོགས་ཀྱི་ལས་ཀ་བྱེད་ཀྱི་ཡོད། བཟའ་ཟླ་བཟང་པོ་ཞིག་དང་འཕྲད་པ་ནི་བུད་མེད་ཀྱི་བསོད་ནམས་རེད་ལ། སྒྱུག་མོ་ཡག་པོ་ཞིག་དང་ཐུག་པ་ནི་བུད་མེད་ཀྱི་བདེ་སྐྱིད་རེད་ཅེས་ལྷག་སྒྲོན་གྱིས་བརྗོད།

ལྷག་སྒྲོན་གྱིས་བཤད་པའི་སྒྱུག་མོ་ཡག་པོ་ནི་འདི་ལོ་ལོ་55ལ་སླེབས་པའི་ཟླ་བ་ཡིན་པ་དང་། ཁོང་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་། ཆུང་དུས་ནས་གྲོན་ཆུང་བསྲི་ཚགས་ཀྱིས་ཁྱིམ་གཞིས་སྐྱོང་བའི་གོམས་གཤིས་བཟང་པོ་ཞིག་འཇགས་ཡོད། ཁོང་ལ་ཁོམ་པ་ཡོད་རིམ་བཞིན་ཁྱིམ་དུ་གཙང་སྦྲ་བྱེད་ཀྱི་ཡོད་པས། ཐབ་ཚང་དང་ཉལ་ཁང་ངམ་ཡང་ན་ཚོམས་ཆེན་གང་དུ་ཡིན་རུང་གཙང་ལ་གྲལ་འགྲིག་པ་ཞིག་ཡོད། མིག་སྔར་ཟླ་བ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཅེ་ཏ་སྐྱེད་ཚལ་ཀུང་སིའི་གཞི་རིམ་གྱི་ལས་བཟོ་བ་ཞིག་རེད།

ཟླ་བས། སྒྱུག་མོ་ཡག་པོ་ཞིག་ཡིན་ཕྱིན་མནའ་མར་བསམ་བློ་གཏོང་ངེས་རེད། རང་ཉིད་ཀྱང་མནའ་མ་བྱེད་མྱོང་ཡོད་པས། གཉེན་བསྒྲིགས་ཟིན་པའི་བུད་མེད་ཀྱི་འཚོ་བ་ནི་བལྟས་པ་ཙམ་གྱི་ལས་སླ་པོ་ཞིག་མིན་པ་ངས་གསལ་པོར་ཤེས་ཀྱི་ཡོད་ཅེས་བརྗོད། ཁོང་གིས་གསར་འགོད་པར། ལྷག་སྒྲོན་ནི་ངའི་བུའི་མནའ་མ་ཡིན་ཞིང་། 2017ལོར་ངའི་ཁྱིམ་དུ་མནའ་མར་ཡོང་བ་རེད། ལོ་6རིང་ངས་ལྷག་སྒྲོན་ནི་རང་གི་ཤ་ལས་བཅད་པའི་བུ་མོར་བརྩིས་ནས་ལྟ་སྐྱོང་བྱས་པ་ཡིན། ངེད་གཉིས་དབར་བསམ་འཆར་མ་མཐུན་པ་ཡོང་སྐབས་གཉིས་ཀས་ཞི་དུལ་དང་ངང་རྒྱུད་རིང་པོས་ཐག་གཅོད་ཇི་ལྟར་བྱེད་མིན་ལ་གྲོས་བསྡུར་བྱེད་ཀྱི་ཡོད་ཅེས་བརྗོད།

ལྷག་སྒྲོན་གྱི་ངོས་ནས་བརྗོད་ན། སྒྱུག་མོ་དང་མནའ་མའི་བར་ལ་འགལ་ཟླ་དང་གནས་ཚུལ་མེད། དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ། ཁོ་གཉིས་ཀྱིས་ཕན་ཚུན་རོགས་པ་བྱེད་རེས་བྱེད་ཀྱི་ཡོད། ལས་ཀའི་རྐྱེན་གྱིས་ལྷག་སྒྲོན་དགོང་མོ་ཁྱིམ་དུ་ལོག་པའི་དུས་ཚོད་འཕྱི་པོ་ཡིན་པས། ཟླ་བས་ཚ་བོར་ཟུར་ཁྲིད་བྱེད་ཞོར་དུ་ཁྱིམ་གྱི་ལས་ཀ་མང་ཆེ་བ་བྱེད་ཀྱི་ཡོད། ལོ་འདི་དག་གི་རིང་ལ། ཁོ་གཉིས་དབར་གྱི་འབྲེལ་བ་ཧ་ཅང་ཡག་པོ་ཡོད་ལ་ཁྱིམ་ཚང་ཡང་ཚ་སོབ་སོབ་རེད།

ཁྱིམ་ཚང་གི་ཁོར་ཡུག་དེ་འདྲའི་ཁྲོད་དུ། ཟླ་བའི་ཁྱིམ་ཚང་ལ་གཅེས་སེམས་དང་བསམ་ཤེས་ཀྱིས་ཁེངས་ཤིང་། ཁོ་ཚོས་ཕན་ཚུན་དབར་བརྩི་འཇོག་དང་། དཀྱེལ་ཡངས། རོགས་རེས་བྱེད་པའི་གལ་ཆེའི་རང་བཞིན་གསལ་པོར་རྟོགས་ཡོད། 2023ལོར་ཟླ་བ་ཁྲེང་ཀོན་ཆུས་ཀྱི“སྒྱུག་མོ་ཡག་པོར”བདམས་པ་རེད།