བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱི་མཐོ་གྲང་རྩྭ་ཐང་གི་སྐྱེ་ཁམས་སླར་གསོའི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-01-06

གསར་འགོད་པར་བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཞིང་འབྲོག་ལས་ཚན་རྩལ་ཞིབ་འཇུག་ཁྱབ་གདལ་ལྟེ་གནས་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་མཐོ་གྲང་རྩྭ་ཐང་གི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་ལག་རྩལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་བས། སྐྱེ་ཁམས་སླར་གསོ་བསྐྱར་སྐྲུན་ཁུལ་དུ་སྔོ་ཁེབས་ཁྱབ་ཚད་དེ་སྔའི་13%ནས་78%བར་མཐོ་རུ་ཕྱིན་ནས། རྩྭ་ཐང་གི་ཐོན་སྐྱེད་ནུས་ཤུགས་དང་རྩྭ་ཐང་གི་སྐྱེ་ཁམས་ནུས་པ་སླར་གསོ་ཤུགས་ཆེན་བྱུང་བ་དང་། ས་ཆུ་ཤོར་བ་དང་ས་རྒྱུ་ཞན་འགྱུར་དང་བྱེ་འགྱུར་སྔོན་འགོག་ཏན་ཏིག་ཐུབ་སྟེ་སྐྱེ་ཁམས་སླར་གསོའི་ལས་དོན་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་ཞན་འགྱུར་རྩྭ་ཐང་གི་སྐྱེ་ཁམས་བསྐྱར་སྐྲུན་ལེགས་སྒྲུབ་བྱས་ཤིང་། གཟན་རྩྭ་སྣ་ཚོགས་མཉམ་འདེབས་ཀྱི་སྐྱེ་ཁམས་སླར་གསོ་བསྐྱར་སྐྲུན་མུའུ་3113བྱས་པ་དང་། མི་བཟོས་རྩྭ་ཐང་གི་སྐྱེ་ཁམས་བྱེད་ནུས་དང་ཐོན་སྐྱེད་ནུས་པ་ཆེར་གཏོང་གི་རྩྭ་ཐང་མུའུ་1640འཛུགས་སྐྲུན་བྱས་ཡོད། ཉི་མ་རྫོང་གི་མཐོ་གྲང་རྩྭ་སའི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་དཔེ་སྟོན་རྟེན་གཞིའི་ཞིང་ཆུ་འདྲེན་ཁུལ་དུ་མཉམ་འདེབས་བྱས་པའི་ལོ་མང་སྐྱེ་བའི་གཟན་རྩྭ(སྔ་སྨིན་སྙེ་མ་དང་བུལ་རྩྭ་སོགས)མྱུ་གུ་སྙོམས་པ་དང་སྐྱེ་འཚར་བཟང་པོ་ཡོད་པས་སྐྱེ་ཁམས་སླར་གསོའི་སྔོན་དཔག་ཕན་འབྲས་ཐོན་ཡོད། མ་དཔེ་ལེན་ཁུལ་དུ་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད། དེ་ཁུལ་དུ་བཏབ་པའི་ལོ་མང་སྐྱེ་བའི་གཟན་རྩྭའི་ཆ་སྙོམས་རིང་ཚད་7.85cmཟིན་པ་དང་། སྔོ་ཁེབས་ཁྱབ་ཚད་78%ཡན་ཟིན་ནས་སྐྱེ་ཁམས་སླར་གསོའི་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།