བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་འགན་ནུས་བཏོན་ནས་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་སྲུང་སྐྱོང་ཡག་པོ་བྱས་པ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-01-06

བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “མིག་སྔར་ལྗོངས་ཡོངས་སུ་རྒྱལ་ཁབ་ཀྱི་ཚོད་འཛིན་གྲོང་ཁྱེར་གྱི་མཁའ་རླུང་རང་འདེམས་ས་ཚིགས་18ཡོད་པ་དང་། དེ་དག་གིས་མཁའ་རླུང་ཁྲོད་ཀྱི་PM10དང་། PM2.5 དབྱང་གཉིས་མུ་ཟི་འགྱུར། དབྱང་གཉིས་ཏན་འགྱུར། དབྱང་གཅིག་ཐཱན་འགྱུར། དྲི་ངན་དབྱང་རླུང་སོགས་ཀྱི་འདུས་ཚད་རང་འགུལ་ལྟ་ཞིབ་ཚད་ལེན་ཐུབ་ཀྱི་ཡོད”ཉེ་ཆར། གསར་འགོད་པ་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་སུ་སྐྱོད་སྐབས། ལྟེ་གནས་དེའི་མཐོ་རིམ་ལག་རྩལ་ཆེ་མོ་བ་ཉི་ཤར་ཚེ་རིང་གིས་མཁའ་རླུང་གི་སྤུས་ཚད་ཡོངས་བསྒྲགས་APPབརྒྱུད་གསར་འགོད་པར་རང་ལྗོངས་ཀྱི་མཁའ་རླུང་ཁོར་ཡུག་གི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱེད་པའི་གནས་ཚུལ་ངོ་སྤྲོད་བྱས་བྱུང་།

ཁོང་གིས་གསར་འགོད་པར་བརྗོད་དོན། APPའདིའི་ཐོག་ནས་རྒྱལ་ཡོངས་ས་གནས་ཁག་གི་མཁའ་རླུང་གི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱས་པའི་གནས་ཚུལ་མཐོང་ཐུབ་པ་དང་འབྲེལ། ཆུ་ཚོད་གཅིག་རེའི་མཚམས་སུ་གྲངས་གཞི་གསར་པ་ཐེངས་རེ་བརྗེས་ནས་མཁའ་རླུང་གི་སྤུས་ཚད་དུས་ཐོག་དང་དོན་དངོས་དང་མཐུན་པའི་སྒོ་ནས་མཚོན་ཐུབ་ཀྱི་ཡོད།

ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ནི་ཁོར་ཡུག་གི་སྤུས་ཚད་ལ་ལྟ་བའི“མིག”ལྟ་བུ་རེད། སྔར་ནས་ད་བར་བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་ལྟ་ཞིབ་ཚད་ལེན་དྲ་རྒྱ་ཟམ་མི་ཆད་པར་ལེགས་སུ་དང་འཐུས་སྒོ་ཚང་དུ་བཏང་སྟེ་གཙོ་གནད་ཁེ་ལས་ཀྱི་སྦགས་བཙོག་ཡོང་ཁུངས་ལ་ལྟ་སྐུལ་རང་བཞིན་གྱི་ལྟ་ཞིབ་ཚད་ལེན་བྱེད་པ་དང་། ལྗོངས་ཕྱིའི་འབྲེལ་ཡོད་ཁྱབ་ཁོངས་དང་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ། རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དཔུང་ཁག་གི་ནུས་པ་ཆེ་རུ་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྡེ་ཚན་ལ་ཁོར་ཡུག་མཁའ་རླུང་གི་སྤུས་ཚད་ཁོང་དུ་ཆུད་ཆེད་བརྟན་ལ་བློས་འགེལ་ཆོག་པའི་གྲངས་གཞི་མཁོ་འདོན་བྱས་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་ཀྲུང་གོ་ཚན་རིག་ཁང་མཚོ་བོད་སུའོ་དང《མཉམ་ལས་སྒྲོམ་གཞིའི་གྲོས་མཐུན》བཞག་པ་དང་། “སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་མཉམ་འབྲེལ་ཚོད་ལྟ་ཁང”བཙུགས་ནས་ཇོ་མོ་གླང་མ་དང་། འབྲི་ཆུའི་ཆུ་འགོ བཀྲ་རི་གནམ་མཚོ་སོགས་དཔེ་མཚོན་ས་ཁོངས་སུ་ཆེད་དོན་བརྟག་ཞིབ་ལས་དོན་ཐུན་མོང་ཐོག་སྤེལ་ཏེ། ཚན་ཞིབ་ལྟ་ཞིབ་ཚད་ལེན་དང་། དམངས་འཚོའི་ལྟ་ཞིབ་ཚད་ལེན། ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་། ཏང་འཛུགས་སྐྱོང་སོགས་ཀྱི་ཁྱབ་ཁོངས་མང་པོ་དང་ཕྱོགས་མང་པོའི་ཐད་མཉམ་ལས་གཏིང་ཟབ་བྱེད་པར་སྐུལ་འདེད་བཏང་ཡོད། དེ་དང་ཆབས་ཅིག་ཀྲུང་གོ་ཁོར་ཡུག་ལྟ་ཞིབ་ཚད་ལེན་སྤྱི་ཁྱབ་ས་ཚིགས་དང་། ཧྲང་ཧའེ་གྲོང་ཁྱེར་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས། ཅང་ཤིས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་བཅས་དང་མཉམ་དུ“ཏང་འཛུགས་སྐྱོང་+ལག་རྩལ”གྱི་མཉམ་ལས་མཉམ་སྐྲུན་ལས་དོན་སྤེལ་ཡོད། ཚོད་ལྟ་ཁང་གི་ནུས་པ་ཆེ་རུ་གཏོང་བ་དང་། ཁྲོན་བོད་ལྕགས་ལམ། འབྲི་ཆུའི་ཆུ་འགོ ཇོ་མོ་གླང་མ་སོགས་གཙོ་གནད་ལས་དོན་གྱི་ཁྱབ་ཁོངས་སུ་ཅང་སུའུ་དང་། ཧོ་པེ། ཧེ་ལུང་ཅང་། ལེའོ་ཉིང་སོགས་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚན་པའི་རིགས་གཅིག་མཁས་ཅན་གདན་དྲངས་ཏེ་མཉམ་ལས་དང་སྤེལ་རེས་བྱས་ཡོད།

མིག་སྔར། བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱི་རྨང་གཞིའི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ནས། ཆུའི་ཐོན་ཁུངས་ལ་དབྱེ་ཞིབ་བྱེད་ནུས་དེ་ལྔའི་རྣམ་གྲངས་64ནས་106བར་མཐོ་རུ་ཕྱིན་པ་མ་ཟད། ཆུའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་ལས་དོན་མེད་པ་ནས་ཡོད་པའི་བར་གྱི་མཆོང་སྐྱོད་བྱུང་ཡོད།

དེ་དང་ཆབས་ཅིག རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལྟེ་གནས་ཀྱིས་བོད་ཀྱི་ཁོར་ཡུག་ལྟ་ཞིབ་ཚད་ལེན་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ཐབས་ལམ་གསར་པ་རྒྱ་སྐྱེད་བཏང་སྟེ། བོད་ལྗོངས་ལག་རྩལ་པའི་སློབ་གླིང་དང་མཉམ་དུ“ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ཤེས་ལྡན་པ་གསོ་སྦྱོང་རྟེན་གཞི”བཙུགས་ཏེ་ལྟེ་གནས་དེ་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་ལག་རྩལ་གསོ་སྦྱོང་བྱ་ཡུལ་དུ་བསྐྲུན་ནས། ས་གནས་དེ་གར་གནས་ཐུབ་པ་དང་སྤྱོད་ཐུབ་པའི་གྲངས་ཉུང་མི་རིགས་ཀྱི་ཕུལ་བྱུང་ལག་རྩལ་ཤེས་ལྡན་པ་གསོ་སྐྱོང་དང་ལྟ་ཞིབ་ཚད་ལེན་གྱི་དཔུང་ཁག་རྒྱ་སྟོབས་ཆེ་རུ་བཏང་ནས། སྤྱི་ཡོངས་ཀྱི་ལྟ་ཞིབ་ཚད་ལེན་བྱེད་ནུས་ཆེ་རུ་བཏང་ཡོད། མིག་སྔར། ས་ཁུལ་དང་གྲོང་ཁྱེར་དང་། རྫོང་དང་ཆུས་ཀྱི་ལྟ་ཞིབ་ཚད་ལེན་སྒྲིག་གཞིའི་མི་ཐེངས་80ལྷག་ཙམ་ལ་ལས་གནས་གོང་གི་གསོ་སྦྱོང་བྱས་པ་དང་། བོད་ལྗོངས་ལག་རྩལ་པའི་སློབ་གླིང་གི་མི་ཐེངས་30ལྷག་ཙམ་ལ་གསོ་སྦྱོང་བྱས་ཡོད།

ཚན་རྩལ་ལ་བརྟེན་ནས་ཁོར་ཡུག་ལྟ་ཞིབ་ཚད་ལེན་བྱ་ཐབས་ལག་བསྟར་བྱས་ནས་དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་ཡོད། ཉེ་ཆར་སྐྱེ་ཁམས་ཁོར་ཡུག་པུས་བཏང་བའི《2023ལོའི་ཟླ་བཅུ་པ་དང་ཟླ་དང་པོ་ནས་བཅུ་པའི་བར་གྱི་རྒྱལ་ཡོངས་ཀྱི་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་གནས་ཚུལ》གྱི་བརྡ་ཁྱབ་གཞིར་བཟུང་། 2023ལོའི་ཟླ་བཅུ་པ་དང་ཟླ་དང་པོ་ནས་བཅུ་པའི་བར་ལྷ་ས་གྲོང་ཁྱེར་གྱི་མཁའ་རླུང་གི་སྤུས་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད། ཟླ་11པའི་ཟླ་མཇུག་བར། ལྗོངས་ཡོངས་ཀྱི་ཆ་སྙོམས་མཁའ་རླུང་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99%ཟིན་ནས་ཁོར་ཡུག་དང་མཁའ་རླུང་གི་སྤུས་ཚད་རྒྱལ་ཡོངས་ཀྱི་སྔོན་ཐོན་ཆུ་ཚད་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད། ལྗོངས་ཡོངས་ཀྱི་གཙང་པོ་དང་མཚོ་གཙོ་བོའི་ཆུ་སྤུས་སྤྱི་ཡོངས་ནས་ལེགས་པོ་རྒྱུན་འཁྱོངས་ཐུབ་ནས་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་དེ་མཚུངས་ཆུ་ཁོངས་ཀྱི་ཁོར་ཡུག་སྤུས་ཚད་ཀྱི་ཚད་གཞིར་སླེབས་ཡོད་པ་རེད།