རྒྱལ་ཁབ་དུག་འགོག་ཨུ་ལྷན་གྱིས། ​བོད་ཀྱི་བཙན་ཐབས་ལོགས་འཇོག་དུག་གཅོད་དང་སྡེ་ཁུལ་གྱི་དུག་གཅོད(དྲག་སྐྱེད)ལས་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས་པ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-01-23

ཚེས་15ཉིན་དང་ཚེས་16ཉིན། རྒྱལ་ཁབ་དུག་འགོག་ཨུ་ལྷན་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ཚོགས་ཆུང་དང་བཅས་པས། བོད་ལྗོངས་སྟོད་ལུང་བཙན་ཐབས་ལོགས་འཇོག་དུག་གཅོད་ཁང་དང་དེ་བཞིན་འོ་བརྒྱལ་ཐང་སྡེ་ཁུལ་དུག་གཅོད(དྲག་སྐྱེད)མཉམ་འབྲེལ་མཛུབ་ཁྲིད་ས་ཚིགས་སུ་ཡོང་ནས་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་རེད།

ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་དང་བཅས་པས་སྟོད་ལུང་དུག་གཅོད་ཁང་གི་དུག་གཅོད་དྲག་སྐྱེད་ཐོག་ཁང་དང་། འཕྲོད་བསྟེན་ཁང་། དུག་གཅོད་མི་སྣ་དོ་དམ་ཁུལ་སོགས་ལ་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱས་ཏེ། དུག་གཅོད་སྨན་བཅོས་དང་། སློབ་གསོ། དྲག་སྐྱེད་སྦྱོང་བརྡར། ལས་རིགས་རྩལ་ནུས་གསོ་སྦྱོང་། དུག་འགོག་དུག་གཅོད་དྲིལ་བསྒྲགས་སློབ་གསོ་སོགས་ཀྱི་ལས་དོན་སྤེལ་ཚུལ་ཤེས་རྟོགས་བྱས་པ་དང་། དུག་གཅོད་སྨན་བཅོས་ལུས་རྩལ་སློབ་ཁྲིད་བརྙན་ལམ་ལ་བལྟས་པ་མ་ཟད། མི་དམངས་ཉེན་རྟོག་པ་དང་སྤེལ་རེས་གཏིང་ཟབ་བྱས་ནས་དཀའ་ངལ་ཤེས་རྟོགས་ཀྱང་བྱས་པ་རེད། འོ་བརྒྱལ་ཐང་སྡེ་ཁུལ་དུག་འགོག(དྲག་སྐྱེད)མཉམ་འབྲེལ་མཛུབ་ཁྲིད་ས་ཚིགས་སུ་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཐོ་དེབ་ནང་ཡོད་པའི་མི་གྲངས་དང་། མི་སྣའི་གྲུབ་ཆ། དོ་དམ་བྱ་ཐབས། ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གི་འབྲེལ་མཐུད་དོ་དམ་སོགས་ཀྱི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད།

ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཆབ་སྲིད་ཀྱི་ཚུགས་གནས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་དང་། རྒྱལ་ཡོངས་དུག་འགོག་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་པ། “དུས་བབ་གསར་པར་དམིགས་པ་དང་། གནད་དོན་གསར་པར་ཞིབ་འཇུག བྱ་ཐབས་གསར་པ་གཏོད་པ”བཅས་ལ་དམིགས་པ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་གནད་དོན་རྩད་གཅོད་ཡག་དག་བྱེད་པ་དང་། ལས་ཀའི་གཞན་ཆ་སེལ་བ། ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་བཅས་བྱས་ནས་བོད་ཀྱི་དུག་འགོག་དུག་གཅོད་ལས་དོན་ལ་ཕན་འབྲས་གསར་པ་ཐོན་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།