བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་སྐུལ་འདེད་ཧུར་ཐག་བཏང་བ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-01-27

བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་བྱེ་འགོག་བྱེ་བཅོས་དང་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་ནུས་ཤུགས་ཡོད་རྒུས་སྤེལ་ནས། ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་རི་ཆུ་ནགས་ཞིང་མཚེའུ་རྩྭའི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་རྣམ་གྲངས་ལེགས་གྲུབ་ལྡན་པའི་ངང་རེ་ཞུ་བྱས་པ་དང་འབྲེལ། ཚད་གཞི་མཐོ་པོས་ལག་ལེན་བསྟར་བས་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བའི་ཐད་ཕན་འབྲས་གསར་པ་ཐོན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ལྷོ་ཁ་གྲོང་ཁྱེར་གྱིས་རི་ཆུ་ནགས་ཞིང་མཚེའུ་རྩྭའི་སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་རྣམ་གྲངས་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་གཏོད་པའི་དམ་འཛིན་བྱ་གཞི་གལ་ཆེན་ལ་བརྩིས་ནས། འཆར་འགོད་ཁྲིད་སྟོན་ལ་དོ་སྣང་དང་། འགན་འཁྲིའི་བྱེད་པོར་ཤུགས་སྣོན་རྒྱག་པ། རྣམ་གྲངས་ལས་གྲྭ་ཁག་ཐེངས་བཞིའི་ཡན་ལག་རྣམ་གྲངས་78སྤྱི་འདོམས། “དུས་ཚོད་རེའུ་མིག”དང་། “ལས་ཀའི་དཔེ་རིས”“ལམ་ཐིག་དཔེ་རིས”བཅས་བཟོ་བ། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་བྱེ་འགོག་བྱེ་བཅོས་དང་སྐྱེ་ཁམས་སླར་གསོ་གཞི་རྟེན་དུ་བྱེད་པ་བཅས་བྱས་པས“གཙང་པོ་གཅིག་དང་། ཆུ་བོ་གཅིག བར་ཁྱམས་གཅིག གནས་མང་པོ”བཅས་ཀྱི་བརྒྱུད་རིམ་ལྡན་པའི་བཀོད་པ་ཞིག་གྲུབ་ནས་སྤུས་ཚད་མཐོ་པོས་འཛུགས་སྐྲུན་གྱི་འཕེལ་རིམ་ལ་སྐུལ་འདེད་ཐུབ་པ་དང་སྐྱེ་ཁམས་སྲུང་སྐྱོང་གི་ཕན་འབྲས་ཕྱོགས་ཡོངས་ནས་ཆེ་རུ་ཕྱིན་ཡོད།

ཉེ་བའི་ལོ་ལྔའི་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་རིམ་རྩིས་ལྟར་ན་ཤིང་འཛུགས་ནགས་བཟོ་མུའུ་ཁྲི་50.53དང་། རི་རྒྱ་ནགས་གསོ་མུའུ་ཁྲི་21.12 ནགས་ཚལ་སྲུང་སྐྱོང་མུའུ་ཁྲི་32.92བཅས་བྱས་པ་དང་། ས་ཆུ་སྲུང་འཛིན་གྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས་15ལག་ལེན་བསྟར་བ་དང་། ས་ཆུ་ཤོར་ཁྱོན་སྟོང་སྨི་ངོས་གྲུ་451བཅོས་སྐྱོང་བྱས་པ། བྱེ་འགོག་བྱེ་བཅོས་མུའུ་ཁྲི་76.8བྱས་ཡོད།

མིག་སྔར། ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ཀྱི་དཔེ་སྟོན་གྲོང་ཁྱེར་ལེགས་གྲུབ་ལྡན་པའི་ངང་བཏོད་ནས། རྒྱལ་ཁབ་ཀྱི“རི་གཉིས”ཀྱི་ལག་ལེན་གསར་གཏོད་ཀྱི་རང་ལྗོངས་ཀྱི་རྟེན་གཞི་ཐོག་མ་སྟེ། ལྷུན་རྩེ་རྫོང་གི“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་རྟེན་གཞི་བཏོད་པ་དང་། 2023ལོར་རྒྱལ་ཁབ་རིམ་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་གཏོད་ཀྱི་དཔེ་སྟོན་རྫོང་1དང་། དཔེ་སྟོན་ཤང(གྲོང་རྡལ)31 དཔེ་སྟོན་གྲོང་ཚོ(སྡེ་ཁུལ)157བཅས་གསར་དུ་བཏོད་པས། མི་རྣམས་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་ཉིན་རེ་བཞིན་ཟབ་ཏུ་ཕྱིན་ཏེ་སྐྱེ་ཁམས་སྲུང་སྐྱོང་གི་བྱ་སྤྱོད་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་ལག་ལེན་བསྟར་དང་བསྟར་མུས་ཡིན་པ་རེད།