བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱིས་བྱེ་འགོག་བྱེ་བཅོས་ཀྱི་འཆར་འགོད་བཟོ་བའི་ལས་དོན་སྤེལ་འགོ་ཚུགས་པ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-01-27

བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། བོད་ལྗོངས་ལྷ་ས་གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས《ལྷ་ས་གྲོང་ཁྱེར་གྱི་བྱེ་འགོག་བྱེ་བཅོས་འཆར་འགོད(2021ལོ་ནས་2030ལོ་བར)》(གཤམ་དུ《འཆར་འགོད》ཅེས་བསྡུ་རྒྱུ)བཟོ་བའི་ལས་དོན་ཚོགས་འདུ་འཚོགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 《འཆར་འགོད》བཟོ་བའི་ལས་དོན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བྱེ་ཐང་ཅན་ཕྱོགས་བསྡུས་འགོག་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང“བྱང་གསུམ”སོགས་ཀྱི་སྐྱེ་ཁམས་ལས་གྲྭ་གཙོ་གནད་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་ཞིག་དང་། བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་བྱེ་འགོག་བྱེ་བཅོས་ལས་དོན་ལ་སྐུལ་འདེད་གཏོང་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་ཏན་ཏིག་དང་ཞིབ་ཚགས་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཤིག བོད་ཀྱི་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་འཁྱགས་བཅས་གཞི་གཅིག་ཅན་སྲུང་སྐྱོང་དང་གོ་རིམ་ལྡན་པའི་བཅོས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ལྷ་ས་གྲོང་ཁྱེར་གྱི་བྱེ་འགོག་བྱེ་བཅོས་ཀྱི་ལས་དོན་ལ་སྐུལ་འདེད་ནུས་ལྡན་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་བཅས་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། 《འཆར་འགོད》ནང་ལྷ་ས་གྲོང་ཁྱེར་གྱི་མིག་སྔ་དང་སླད་ཕྱིན་གྱི་བྱེ་འགོག་བྱེ་བཅོས་ཀྱི་ལས་འགན་ཁ་གསལ་བཟོ་རྒྱུ་ཡིན་པས། དེ་བྱེ་འགོག་བྱེ་བཅོས་ཀྱི་སྐྱེ་ཁམས་སླར་གསོའི་འདུ་འགོད་ལག་བསྟར་བྱེད་པའི་གཞི་འཛིན་ས་གལ་ཆེན་ཞིག་དང་ཚན་རིག་དང་མཐུན་པའི་ངང་སྐྱེ་ཁམས་བཅོས་སྐྱོང་གི་རྩ་བའི་གཞི་འཛིན་ས་ཞིག་ཡིན་པས། གྲོང་ཁྱེར་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།

《འཆར་འགོད》བཟོ་མཁན་ཚན་པ་ཞིག་གི་ངོས་ནས། ཀྲུང་ནན་བརྟག་དཔྱད་འཆར་འགོད་ཁང་གི་རྣམ་གྲངས་འགན་འཁུར་བས། 《བོད་རང་སྐྱོང་ལྗོངས་ཀྱི་བྱེ་འགོག་བྱེ་བཅོས་འཆར་འགོད(2021ལོ་ནས་2030ལོ་བར)》གཞིར་བཟུང་ལག་རྩལ་རྐང་འཛིན་པ་སྐོང་འཐེན་བྱས་ཏེ་ལས་དོན་ཆེད་དོན་ཚན་ཁག་བཙུགས་ནས། ཕྱོགས་ཡོངས་ནས་གསེད་བཀྲོལ་དང་། ས་གནས་ས་ཐོག་ཏུ་བརྟག་དཔྱད། གཅིག་སྡུད་ཞིབ་བསྡུར། རིགས་གཅིག་མཁས་ཅན་གྱི་རིགས་པས་ཁུངས་སྐྱེལ་སོགས་ཀྱི་བྱ་ཐབས་བརྒྱུད། བོད་རང་སྐྱོང་ལྗོངས་ཀྱི་བྱེ་ཐང་ཅན་དང་བྱེ་འགྱུར་བརྟག་དཔྱད་ཐེངས་དྲུག་པའི་གྲངས་གཞི་དང“རྒྱལ་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་བརྟག་དཔྱད་ཐེངས་གསུམ་པའི”འགྱུར་བྱུང་གྲངས་གཞི་རྨང་གཞིར་བྱེད་པ་དང་། ཕྱི་རོལ་ལས་དོན་གྱི་ས་གནས་ས་ཐོག་གི་ཞིབ་བསྡུར་དང་ཟུང་འབྲེལ་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་བྱེ་འགྱུར་ས་ཆའི་རིགས་དང་། རྒྱ་ཁྱོན། ཚད་གཞི། ཁྱབ་ཚུལ། སྐབས་བསྟུན་འགྱུར་ལྡོག་སོགས་ཀྱི་གནས་ཚུལ་ཁ་གསལ་བཟོས་ནས། རིགས་དབྱེ་འཆར་འགོད་ཀྱི་ལས་གྲྭའི་བྱ་ཐབས་བཏོན་ཏེ《འཆར་འགོད》བཟོ་བའི་ལས་དོན་སྤུས་ལེགས་དང་ནུས་ཆེའི་སྒོ་ནས་ལེགས་སྒྲུབ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།