གཅེས་སེམས་སློབ་སྐྱོར་སྒྲོན་མེ་ཡིས། ཕུགས་རེའི་ལམ་བུར་འོད་སྣང་བསྩལ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-02-09

“སློབ་མ་ཚོའི་སློབ་སྦྱོང་གང་འདྲ་འདུག དཀའ་ངལ་གཞན་པ་གང་འདུག” ཉེ་ཆར། བོད་ལྗོངས་ཆབ་མདོ་ཡན་ལག་དམག་ཁུལ་ཁང་གི་དཔོན་དམག་གིས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་རུ་བཞི་ཤང་གཡོ་རི་དུང་གྲོང་ཚོའི་རོགས་དངུལ་སྤྲོད་ཡུལ་གྱི་སློབ་མར་ལྟ་བར་བསྐྱོད་དེ། སློབ་མ་ཚོའི་སློབ་སྦྱོང་གི་གནས་ཚུལ་དང་དཀའ་ངལ་དངོས་ཤེས་རྟོགས་ཞིབ་ཕྲ་བྱས་པ་རེད། “ཨ་ཁུ་བཅིངས་འགྲོལ་དམག་ལགས། ཁྱེད་རྣམ་པས་ངར་སློབ་སྐྱོར་རོགས་དངུལ་གནང་བར་ཐུགས་རྗེ་ཆེ་ཞུ་གི་ཡིན། ཉེ་དུས་ཀྱི་ཟླ་རྒྱུགས་སྐབས་ང་ལ་སྦྱངས་འབྲས་ཨང་དང་པོ་ཐོབ་བྱུང”ཞེས་དཔོན་དམག་གི་ལག་ནས་འཚམས་འདྲིའི་དངོས་པོ་དང་སློབ་སྐྱོར་རོགས་དངུལ་ལེན་བཞིན་པའི་སློབ་མ་ངག་དབང་བྱམས་པས་སེམས་འགུལ་ཆེན་པོ་ཐེབས་བཞིན་དུ་འདི་ལྟར་བརྗོད།

2023ལོའི་ལོ་འགོར། སློབ་སྐྱོར་འཚམས་འདྲི་དང་རྒྱལ་སྲུང་སློབ་གསོའི་བྱེད་སྒོ་སློབ་གྲྭར་སྤེལ་རིང་། ཆབ་མདོ་ཡན་ལག་དམག་ཁུལ་ཁང་གིས་གཡོ་རི་དུང་གྲོང་ཚོའི་སློབ་མ་3གྱི་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པ་ཤེས་རྟོགས་ཐུབ་འཕྲལ་སློབ་མ་3ལ་སློབ་སྐྱོར་ཡིག་ཚགས་ཞིབ་ཕྲ་བཟོས་པར་མ་ཟད། ད་དུང་ཁོང་ཚོ་སློབ་གྲྭ་མ་ཐོན་བར་ཟླ་རེར་སློབ་མ་རེར་འཚོ་བའི་འགྲོ་གྲོན་སྒོར་300སྤྲོད་རྒྱུ་བྱས། སློབ་སྐྱོར་ཡིག་ཚགས་ཁ་ཕྱེ་ཚེ་དེའི་ནང་སློབ་མའི་ཁྱིམ་ཚང་གི་སྡོད་གནས་དང་། ནང་མིའི་གནས་ཚུལ། དཔལ་འབྱོར་གྱི་ཡོང་ཁུངས། རོགས་སྐྱོར་དངུལ་གྲངས་སོགས་གསལ་པོར་འཁོད་ཡོད་པ་རེད།

དུས་ཡུན་རིང་པོའི་ནང་ཆབ་མདོ་ཡན་ལག་དམག་ཁུལ་ཁང་གིས་བཅའ་སྡོད་ས་གནས་ཀྱི་སློབ་གྲྭ་ཁག་དང་སློབ་སྐྱོར་ཆ་སྒྲིག་གི་འབྲེལ་བ་བཙུགས་ནས་སློབ་སྐྱོར་སློབ་མར་སློབ་ཡོན་དང་དེབ་རིན་སོགས་ཙག་ཙིག་གི་དངུལ་སྤྲོད་རོགས་དང་སློབ་སྦྱོང་གི་མཁོ་ཆས་དང་འཚོ་བའི་མཁོ་ཆས་ཉོ་རོགས་བྱས་པ་དང་སྦྲགས། ཆབ་མདོ་དམག་ཁུལ་ཡན་ལག་ཁང་གིས་ད་དུང་རིམ་དབྱེ་དང་གཙོ་གནད་ཕྱེ་ནས་སློབ་གྲྭའི་འཛུགས་སྐྲུན་གྱི་རོགས་སྐྱོར་ལས་དོན་ལ་སྐུལ་འདེད་བཏང་སྟེ་སློབ་གྲྭའི་ཕྱོགས་ཀྱི་བསམ་འཆར་བསྡུ་ལེན་གང་ལེགས་བྱས་པ་མ་ཟད། སློབ་མ་16དཀའ་ངལ་ཅུང་ཆེ་བའི་མིང་ཐོའི་ཁོངས་སུ་བཅུག་ནས་ལོ་ལྟར་དཀའ་ངལ་ཡོད་པའི་སློབ་མ་རེར་སྒོར་1200ཡི་ཚད་གཞི་ལྟར་སློབ་མཐར་མ་ཕྱིན་བར་རོགས་རམ་བྱེད་བཞིན་ཡོད། སྔ་རྗེས་སུ་མ་དངུལ་སྒོར་ཁྲི་80ལྷག་ཙམ་བཏང་ནས་ཤང་ལྟེ་བའི་སློབ་ཆུང་ལ་ཀུན་སྤྱོད་སློབ་གསོ་ཁང་དང་། “དཔྱིད་མྱུག་དཔེ་དེབ་ཁང” ཆ་འཕྲིན་ཅན་གྱི་སློབ་ཁང་སོགས་ཀྱི་སྒྲིག་བཀོད་བསྐྲུན་པ་ལས། སློབ་གྲྭའི་སློབ་ཁྲིད་ཆ་རྐྱེན་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་སློབ་མའི་སློབ་སྦྱོང་གི་ཧུར་སེམས་སྔར་བས་ཆེ་རུ་སོང་ཡོད།

ཆབ་མདོ་དམག་ཁུལ་ཡན་ལག་ཁང་གི་འགན་སྲུང་པུའི་འགན་འཁུར་བློ་མཐུན་གྱིས་ཐོག་མཐའ་བར་གསུམ་དུ་རོགས་སྐྱོར་འཐབ་ས་དང་པོར་རྒྱ་གྲམ་དམར་རྟགས་ཚོགས་པ་དང་འབྲེལ་མཐུད་ཧུར་ཐག་བྱས་ནས། རིམ་རྩིས་བྱས་ན་བྱིས་པ་ཚོར་སློབ་སྐྱོར་རོགས་དངུལ་སྒོར་ཁྲི་20ལྷག་ཙམ་སྤྲོད་རོགས་བྱས་ཤིང་། འཚོ་བའི་དངོས་ཟོག་ཁག་ཁྲི་ཡན་ཟིན་པ་དེ་དག་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་30ཙམ་ཟིན་ཡོད། སྤྱི་ཚོགས་ཀྱི་གཅེས་སེམས་མི་སྣ་དང་མཉམ་དུ་སློབ་མ་27ལ་རོགས་སྐྱོར་བྱས་པ་དང་ཁོང་ཚོ་སློབ་མཐར་མ་ཕྱིན་བར་རྒྱུན་མཐུད་ནས་རོགས་རམ་བྱས་ཏེ། ས་ཁུལ་དེ་གའི་སློབ་གསོར་རོགས་སྐྱོར་དང་གྲོང་གསེབ་དར་རྒྱས་གཏོང་ཆེད་དཔེ་བཟང་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཡོད།

“འདི་ནི་རྩོམ་ཡིག་འགྲན་བསྡུར་ཆེན་པོའི་བྱ་དགའ་ཨང་དང་པོ་རེད། འདི་ནི་སློབ་མཇུག་ཡིག་ཚད་ཀྱི་ཨང་དང་པོ་ཡིན། འདི་ནི་བཟང་པོ་གསུམ་ལྡན་གྱི་སློབ་མ་ཡིན་པ་སོགས”སློབ་མ་ངག་དབང་བྱམས་པས་དཔོན་དམག་ཚོར་རང་ཉིད་ཀྱི་སློབ་སྦྱོང་གི་སྦྱངས་འབྲས་ངོ་སྤྲོད་བྱས། གྱང་ལྡེབས་ཡོངས་སུ་གང་བའི་གཟེངས་བསྟོད་ལག་ཁྱེར་ལ་ལྟ་བཞིན་དུ་དཔོན་དམག་ཚོའི་གདོང་ནས་དགའ་སྤྲོའི་འཛུམ་མདངས་འཕྱུར། སློབ་མ་གསུམ་སློབ་གྲྭར་ཞག་སྡོད་བྱེད་དགོས་ཀྱི་ཡོད་སྟབས་དཔོན་དམག་རྣམས་ཀྱིས་ཁོ་ཚོར་འཚོ་བའི་མཁོ་ཆས་སྤྲད་ནས་འཚོ་བར་མཐུན་རྐྱེན་བསྐྲུན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད། ཆབ་མདོ་དམག་ཁུལ་ཡན་ལག་ཁང་གི་འགན་སྲུང་པུའི་པུའུ་ཀྲང་ཝང་ཝུན་ཧའེ་ཡིས། གཅེས་སེམས་ཤིག་སྐྱེས་སུ་ཕུལ་ན་རང་གཞན་ཀུན་ལ་ཕན་ཐོགས་ཡོད་ཅེས་བརྗོད།