ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན (རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-02-28

ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། ཉེ་དུས་ཀྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་ནན་ཏན་བྱས་པ་དང་རང་ལྗོངས་ཀྱི་ལག་བསྟར་དོན་འཁྱོལ་ལས་དོན་ལ་ཞིབ་འཇུག་བྱས་པ་རེད།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལ་བརྟེན་ནས་བོད་ཀྱི་ལས་དོན་སྤྱི་ཡོངས་ལ་གཅིག་འདོམས་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་སྲིང་ལྷོད་མེད་ངང“དོན་ཆེན་བཞི”དོན་འཁྱོལ་ཡག་པོ་བྱེད་པར་དམ་འཛིན་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་སྐུལ་འདེད་ཧུར་ཐག་གཏོང་དགོས། སྤྱི་ཚོགས་བརྟན་ལྷིང་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ། ལས་ཀའི་འགན་འཁྲི་ཏན་ཏིག་འཁུར་བ་བཅས་བྱས་ཏེ། ཚན་རིག་ཅན་གྱི་ལམ་སྲོལ་དང་རྒྱུན་རྣམ་ཅན་གྱི་ཁྲིམས་སྐྱོང་འདུ་ཤེས་ལ་བརྟེན་ནས་ལས་དོན་རྒྱུན་གཏན་ནས་སྒྲུབ་པ་དང་གཞི་རིམ་དུ་སྒྲུབ་དགོས། རྣམ་གྲངས་ཀྱི་དུས་འགོའི་འཆར་འགོད་ཡག་པོ་བཟོ་བ་དང་། ཐོན་ལས་འཁོར་འབྲེལ་འཐུས་སྒོ་ཚང་དུ་གཏོང་བ། ནུས་ལྡན་གྱི་མ་འཇོག་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ནས་རྣམ་གྲངས་སྔ་ཙམ་ལས་འགོ་འཛུགས་པ་དང་སྔ་ཙམ་སྐྲུན་ཐུབ་པའི་འགན་ལེན་བྱེད་དགོས།

དཔྱིད་རྨོད་འདེབས་གྲབས་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་ཞིང་ལས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་པར་འགན་ལེན་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱེད་པ་དང་དམངས་འཚོའི་བྱ་བ་དངོས་མུ་མཐུད་ཡག་པོ་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ལྷོ་རི་བྱང་རིའི་སྔོ་འགྱུར་ལས་གྲྭར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ། དུས་ཚོད་མཚམས་ཚིགས་ལ་དམ་འཛིན་བཅས་བྱས་ཐོག ཡུལ་བབ་དང་བསྟུན་པ་དང་། ཚན་རིག་དང་མཐུན་པའི་བཀོད་སྒྲིག ས་ཆ་དང་ལྗོན་ཤིང་འཚམ་པ་བཅས་བྱས་ནས་སྔོ་འགྱུར་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། “གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་དགོས། མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ཀྱི་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་དམག་དམངས་མཉམ་འདྲེས་ཟབ་ཏུ་བཏང་ནས་མཐའ་མཚམས་ས་ཁུལ་འཕེལ་རྒྱས་མགྱོགས་མྱུར་འགྲོ་བར་སྐུལ་འདེད་གཏོང་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་། སྒྱུར་བཅོས་ཀྱི་ཐུན་མོང་ངོས་འཛིན་སྔར་བས་གཅིག་ཏུ་བསྒྲིལ་ནས་སྒྱུར་བཅོས་ཀྱི་ལས་འགན་གལ་ཆེན་ལ་སྐུལ་འདེད་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ས་ཆའི་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ལ་ཤུགས་སྣོན་རྒྱག་པ་དང་རྒྱུ་རྐྱེན་གཙོ་བོ་རྣམ་གྲངས་དང་བསྡེབ་རྒྱུ་མཐའ་འཁྱོངས་ཀྱིས་སྲིད་ཇུས་བེད་སྤྱོད་ཡག་པོ་དང་། གཙོ་གནད་མངོན་གསལ་དོད་པོ། ཞབས་ཞུ་ལེགས་སྒྱུར་བཅས་བྱས་ནས་ས་ཆའི་རྒྱུ་རྐྱེན་བཀོད་སྒྲིག་གི་གནད་འཁེལ་རང་བཞིན་དང་བེད་སྤྱོད་ལས་ཕྱོད་ཆེ་རུ་གཏོང་དགོས། འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཕྱོགས་སྒྱུར་ལ་སྐུལ་འདེད་བཏང་སྟེ་ལྗང་མདོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ལྗང་མདོག་གི་ཐཱན་ཉུང་ཐོན་ལས་གསོ་སྤེལ། ལག་རྩལ་གསར་གཏོད་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། སྲོལ་རྒྱུན་གྱི་ཐོན་ལས་མཐོར་གཏོང་སྒྱུར་བཀོད། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས། གཞི་རིམ་གྱི་འཕྲལ་སྡོམ་དོ་དམ་བྱེད་ནུས་ཆེ་རུ་གཏོང་བ་དང་། འགོག་སྐྱོབ་ཀྱི་འགན་འཁྲིའི་འཁོར་འབྲེལ་དང་འཕྲལ་སྡོམ་བཀོད་འདོམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས། གནོད་འཚེ་དང་ལས་འཛོལ་སྣ་ཚོགས་སྔོན་འགོག་ནུས་ལྡན་དང་ཐག་གཅོད་འོས་འཚམ་བྱེད་དགོས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། གསར་གཏོད་ཀྱི་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ། ཚན་རྩལ་གྱི་ཡར་སྐུལ་ལམ་སྲོལ་དང་ཚན་རྩལ་གྲུབ་འབྲས་རིགས་དབྱེ་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་གསོ་རིག་ཚན་རིག་དང་སློབ་གསོ་ཞིབ་འཇུག་མཐུན་སྦྱོར་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས།

ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་གཏིང་ཟབ་བྱེད་པ་དང་དཔྱད་ཞིབ་ཀྱི་བཀོད་འདོམས་དབྱུག་པའི་ནུས་པ་གང་ལེགས་བཏོན་ཏེ་ལས་བྱེད་པའི་ཆེད་ལས་ཀྱི་བྱང་ཚད་དང་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་དགོས། སྒྱུར་བཅོས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་རང་འགུལ་ངང་འཚམ་པ་དང་ས་གནས་ཀྱི་ཁྲིམས་འཛུགས་ལས་ཀར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་སྲིད་འདོན་ཇུས་འབུལ་གྱི་ནུས་པ་ཆེ་རུ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། སྒྱུར་བཅོས་ཀྱི་ཡང་དག་པའི་ཁ་ཕྱོགས་ལ་སྟངས་འཛིན་བྱེད་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། གཞུང་ཁོངས་ཁེ་ལས་ཀྱི་འགོ་ཁྲིད་ཚན་ཁག་ལེགས་འདེམས་བཟང་སྒྲིག་བཅས་བྱས་ནས། གཞུང་ཁོངས་ཁེ་ལས་ཀྱི་བཅོས་སྐྱོང་ཆུ་ཚད་མཐོ་རུ་དང་གཉེར་སྐྱོང་དོ་དམ་གྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱེད་པ་དང་། ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་འཛིན་པ། ཁྱབ་ཁོངས་ཁག་གི་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྱོང་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས། སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་ཁོར་ཡུག་རྒྱུན་ཆད་མེད་པར་གཏོད་དགོས།

ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་ཀྱང་བྱས་པ་རེད།