མཉམ་སྡེབ་དཔལ་འབྱོར་ལ་གཡུར་ཟའི་གྲུབ་འབྲས་ཐོབ། ཞི་མཐུན་གྲོང་གསེབ་ལས་གསོན་ཤུགས་གསར་པ་མངོན། ཀོང་པོ་རྒྱ་མདའ་རྫོང་བཅའ་སྡེ་སྒང་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་སྐོར་བཀོད་པ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-03-01

དགུན་དུས་ཀོང་པོ་རྒྱ་མདའ་རྫོང་ཀོང་པོ་རྒྱ་མདའ་གྲོང་རྡལ་བཅའ་སྡེ་སྒང་གྲོང་ཚོའི་ཤིང་འབྲས་ལྡུམ་རར་གྲོང་མི་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་འབྲས་ཤིང་བདག་སྐྱོང་གི་ཤེས་བྱ་སྦྱོང་བཞིན་ཡོད། ལག་རྩལ་བརྒྱུད་ཁྲིད་བྱེད་མཁན་དོན་གྲུབ་ནི་གྲོང་སྡོད་ལས་དོན་རུ་ཁག་གི་རུ་དཔོན་དང་ཉིང་ཁྲི་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ལག་རྩལ་པ་ཞིག་རེད། ཆེད་ལས་དང་མཐུན་སྟབས་ཁོང་གིས་སྤྱོད་གོ་ཆོད་པའི་ཤེས་བྱ་དང་རྩལ་ནུས་དེ་དག་གྲོང་མི་ཚོར་དམར་ཁྲིད་བྱེད་ཀྱི་ཡོད། “ས་སློག་རྒྱག་པ་དང་། ཡལ་གཅོད་རྒྱག་པ། ལུད་རྒྱག་པ། རྩྭ་ངན་འགོག་པ་སོགས་ཀྱི་བདག་སྐྱོང་དོ་དམ་ཡག་པོ་བྱས་ཚེ་སྒོ་རའི་དཔལ་འབྱོར་གྱི་འབྲས་ཤིང་གཞི་ནས་སྐྱེ་འཚར་ཡག་པོ་ཡོང་ཐུབ”ཅེས་དོན་གྲུབ་ཀྱིས་བཤད།

བཅའ་སྡེ་སྒང་གྲོང་ཚོའི་ཁྱིམ་ཚང་ཚང་མར་འབྲས་ཤིང་འདེབས་སྲོལ་ཡོད། སྔོན་ཆད་ཐར་ཐོར་དུ་འདེབས་འཛུགས་བྱེད་པས་གཞི་ཁྱོན་ཆེན་པོ་མེད་ལ་དཔལ་འབྱོར་གྱི་ཕན་འབྲས་ཀྱང་མངོན་གསལ་དོད་པོ་མེད། ཉེ་བའི་ལོ་ཤས་རིང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱིས་གྲོང་སྡོད་ལས་དོན་རུ་ཁག་དང་གྲོས་མོལ་ཐེངས་མང་བྱས་རྗེས། འདེབས་འཛུགས་ལག་རྩལ་གསོ་སྦྱོང་དང་སྡོང་ཕྲུག་སྤྲོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་གྲོང་ཚོའི་སྒོ་རའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་ཡོད།

2019ལོར་བཅའ་སྡེ་སྒང་གྲོང་ཚོས་གྲོས་བསྡུར་ཐེངས་མང་བྱས་པ་དང་གྲོང་མིའི་བསམ་འཆར་བསྡུ་ལེན་བྱས་པའི་རྨང་གཞིའི་ཐོག་གྲོང་ཚོའི་མཉམ་སྡེབ་ཇ་ཁང་བཙུགས་ཏེ“རང་མོས་ངང་མ་རྐང་ནང་ཞུགས་པ་དང་། གཉིས་ལྡན་དུད་སྦྲེལ་གྱིས་གཉེར་སྐྱོང་བྱེད་པ། ལོ་འཁོར་གྱི་ཁེ་འབབ་བགོ་བ”བཅས་ཟུང་དུ་འབྲེལ་བའི་དོ་དམ་བྱེད་སྟངས་སྤྱད་དེ་གཉེར་སྐྱོང་བྱས་ནས་མང་ཚོགས་ལ་རང་ཁྱིམ་གྱི་སྒོ་རྩ་ནས་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཡོད།

“ང་ཉིན་ལྟར་ཞོགས་པའི་ཆུ་ཚོད་དྲུག་པར་ཇ་བཟོ་བར་ཡོང་གི་ཡོད། ཉིན་ལྟར་ཡོང་འབབ་སྒོར་100ཙམ་ཡོང་གི་འདུག་པས་ཧ་ཅང་དགའ་པོ་འདུག”ཅེས་བཅའ་སྡེ་སྒང་གྲོང་ཚོའི་གྲོང་མི་ཚེ་རིང་གིས་བཤད།

སྒོ་རའི་དཔལ་འབྱོར་དང་ཇ་ཁང་ཕུད། གྲོང་ཚོས་ད་དུང་འཛུགས་སྐྲུན་རྒྱུ་ཆའི་ཁྲོམ་ར་འཕེལ་རྒྱས་གཏོང་བར་འབད་བརྩོན་བྱས་ཤིང་། 2016ལོར་བཅའ་སྡེ་སྒང་གྲོང་ཚོས་རྫོང་ཁོངས་སུ་འཛུགས་སྐྲུན་རྒྱུ་ཆ་ཆ་ཚང་པོ་མེད་པའི་ཁྲོམ་རའི་དོན་དངོས་ལ་དམིགས་ནས“གྲོང་ཚོའི་མཉམ་སྡེབ་ཀྱིས་མ་དངུལ་གཏོང་བ་དང་། མང་ཚོགས་ཀྱིས་རང་གྲབས་བྱེད་པ། དངུལ་རྩའི་དངུལ་བུན་གཡར་བ”བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་སྤྱད་དེ་མ་དངུལ་སྒོར་ཁྲི་2699.97གྲབས་གསོག་བྱས་ནས་རྫོང་ཡོངས་ཀྱི་ཕྱོགས་བསྡུས་འཛུགས་སྐྲུན་རྒྱུ་ཆའི་ཁྲོམ་ར་དང་པོ་དེ་བཙུགས་པ་རེད། འཛུགས་སྐྲུན་རྒྱུ་ཆའི་ཁྲོམ་རའི་སྤྱིའི་རྒྱ་ཁྱོན་ལ་མུའུ་31.5ཡོད་པ་དང་། འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་11300ཟིན་པར་ཚོང་ཁང་ཁང་མིག་136བཙུགས་ཡོད། རྫོང་དང་། གྲོང་རྡལ། གྲོང་ཚོ་བཅས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་བརྒྱུད་མིག་སྔའི་བར་འཛུགས་སྐྲུན་རྒྱུ་ཆའི་ཁྲོམ་རར་ཚོང་དུད་60ལྷག་ཙམ་ཞུགས་པར་ཚོང་ཁང་120ལྷག་ཙམ་བེད་སྤྱོད་བྱེད་ཀྱི་ཡོད་པས་དེའི་ཞུགས་ཚད་89%ཙམ་ཟིན་ཡོད།