གྲོང་གསེབ་མཛེས། ཐོན་ལས་དར། འབབ་འཕར་བཟང་། ​སྨན་གླིང་གྲོང་ཁྱེར་ཆབ་ནག་ཤང“ཞིང་ལས་ཐོན་ལས་ཀྱི་གྲོང་རྡལ་སྟོབས་ཆེན”འཕེལ་རྒྱས་སྐོར་གླེང་བ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-03-01

ཉེ་བའི་ལོ་ཤས་རིང་། སྨན་གླིང་གྲོང་ཁྱེར་ཆབ་ནག་ཤང་གིས་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་མཐའ་འཁྱོངས་བྱས་ཏེ“སྲིད་གཞུང་གིས་སྣེ་ཁྲིད་དང་། ཁྲོམ་རས་འཁོར་རྒྱུག མ་དངུལ་གྱི་རོགས་སྐྱོར། ཁེ་ལས(འཇོན་ཐང་ཅན)ཀྱིས་སྐུལ་ཁྲིད། མང་ཚོགས་ཞུགས་པའི”བྱེད་སྟངས་འཚོལ་ཞིབ་བྱས་ནས་སྲིད་འཛིན་གྲོང་ཚོ་3གྱིས་སྒོར་ཁྲི་100བརྩོན་ལེན་དང་། སྲིད་འཛིན་གྲོང་ཚོ་6གིས་སྒོར་ཁྲི་50ལས་བརྒལ་བ། སྲིད་འཛིན་གྲོང་ཚོ་9ཚང་མར་གྲོང་ཚོའི་མཉམ་སྡེབ་ཡོང་འབབ་སྒོར་ཁྲི་10ཡན་མངོན་འགྱུར་ཡོང་བའི“369”ཡི་འཕེལ་རྒྱས་ཀྱི་དམིགས་ཚད་བཏོན་ཏེ། ཞིང་འབྲོག་པའི་ཁྱད་ལྡན་ཐོན་ལས་དཔེ་སྟོན་གྲོང་ཚོ་ཁག་བགོས་སྐྱེད་སྲིང་བྱེད་པ་དང་གོ་རིམ་ལྡན་པའི་ངང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བརྟན་པོ་བཏང་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ་རེད།

སྲོལ་རྒྱུན་གྱི་ཐོན་ལས་ལ་འཕེལ་རྒྱས་ཡོང་ཐབས་བྱེད་པ།

ཆབ་ནག་ཤང་བརླ་མདོ་ཡིང་ཧྥུང་སྐྱེ་ཁམས་ཞིང་རར་སྐྱོད་སྐབས་གྲལ་སྟར་འགྲིག་པའི་དེང་རབས་ཅན་དང་ཚད་ལྡན་ཅན་གྱི་སྔོ་ཚལ་དྲོད་ཁང་ཆེ་མོ་སྟར་པ་མང་པོ་མིག་ལམ་དུ་འཆར། དྲོད་ཁང་ཆེ་མོའི་ནང་ཆེ་ཙི་དང་ཀྲོ་མ་ཀྲུ་སོགས་ཡལ་གར་བཏགས་ཤིང་། ཞིང་པ་ཁ་ཤས་ཀྱིས་སུར་པན་མྱུ་གུ་འཛུགས་པའི་བྲེལ་འཚུབ་ཀྱི་རྣམ་པས་ཁེངས།

ཉེ་བའི་ལོ་ཤས་རིང་། ཆབ་ནག་ཤང་གིས་དམིགས་བསལ་གྱི་འདེབས་གསོ་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་མ་དངུལ་སྒོར་ཁྲི་2600བརྩོན་ལེན་བྱས་ཏེ་བྷ་ག་གྲོང་ཚོའི་བཀོད་སྒྲིག་བྱ་ཡུལ་དུ་མུའུ་29.3ཟིན་པའི་གླ་བ་གསོ་ཚགས་དཔེ་སྟོན་རྟེན་གཞི་བསྐྲུན་ཞིང་། དེར་མང་ཤོས་སུ་གླ་བ་506གསོ་ཚགས་བྱེད་ཐུབ་པ་དང་། རྗེས་སུ་ར་བ་བོགས་གཏོང་དང་། གཟན་རྩྭ་ཉོ་སྒྲུབ། ལས་ཞུགས་གོ་སྐབས་གཏོད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཞིང་འབྲོག་པའི་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་གཏོང་རྒྱུ་རེད། མིག་སྔའི་བར་རྟེན་གཞིས་གླ་བ་24གསོ་ཚགས་བྱས་པ་དང་། འཕྲུལ་ཆས་བོགས་གཏོང་དང་གླ་པ་རྒྱུག་པ་སོགས་ཀྱི་བྱེད་ཐབས་བརྒྱུད་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་180ལྷག་ཙམ་བྱུང་ནས་སྔོན་དཔག་བྱས་ན་2024ལོར་གསོ་ཚགས་གཞི་ཁྱོན་གླ་བ་100ཟིན་རྒྱུ་དང་ཡོང་འབབ་ཀྱང་སྒོར་ཁྲི་200ལྷག་ཙམ་ཟིན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ“སྒུལ་ནུས་གསར་པ”བསྣན་རྒྱུ་ཡིན་པ་རེད།

རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཐད་གསར་གཏོད་ཡོང་ཐབས་བྱེད་པ།

གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་ཕྱིན་པ་དང་བསྟུན་ནས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་ཆབ་ནག་ཤང་ཤེལ་དཀར་གྲོང་ཚོར་བསྐྱོད་དེ་ཡུལ་དེ་གའི་དམངས་སྲོལ་གོམས་གཤིས་ཉམས་ལེན་གཏིང་ཟབ་བྱེད་ཀྱི་ཡོད། གོ་སྐབས་དེར་དམིགས་ཏེ་གྲོང་མི་ཚོས་ཟམ་མི་ཆད་པར་གསར་གཏོད་བྱས་ནས་ས་གནས་དེ་གའི་བོད་ཤོག་གིས་བཟོས་པའི་ཟིན་བྲིས་དེབ་དང་། ལྒང་བཞུ། ཐང་ག ཡིག་སྐོགས་སོགས་འབྲེལ་ཡོད་ཐོན་རྫས་དག་ཡུལ་སྐོར་གྱི་བྲིན་ཁ་རྒྱུག་པའི་དངོས་རྫས་སུ་གྱུར་ཡོད།

ད་ཆ་བཤར་འབེབས་ལག་རྩལ་བརྒྱུད་ཐང་གའི་རི་མོ་དང་ཡང་ན་ཡུལ་སྐོར་བས་པར་བརྒྱབ་པའི་མཛེས་ལྗོངས་པར་རིས་ཚང་མ་བོད་ཤོག་ཐོག་དཔར་ཐུབ་ནས་ཁྱད་ལྡན་ཡུལ་སྐོར་དྲན་རྟེན་དངོས་པོ་ཞིག་ཏུ་གྱུར་ཡོད། མ་གནས་བལྟོས་བཅས་ཀྱིས་དམའ་བ་དང་ས་གནས་དེ་གའི་ཁྱད་ཆོས་ཟབ་མོ་ལྡན་པས་ཡུལ་སྐོར་དྲན་རྟེན་དངོས་པོ་དེ་རིགས་ལ་ཡུལ་སྐོར་བས་དགའ་པོ་བྱེད་ཀྱི་ཡོད་ལ། ཉེ་བའི་ལོ་ཤས་རིང་གྲོང་མིའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་ཞིག་ཏུའང་གྱུར་ཡོད།

ཉེ་བའི་ལོ་ཤས་རིང་། ཆབ་ནག་ཤང་གིས་ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་རུ་ཁག་དང་གྲོང་ཁྱེར་ཐད་གཏོགས་ཀྲི་པུའི་དབར་ཆ་སྒྲིག་མཉམ་སྐྲུན་བྱེད་པ་གོ་སྐབས་སུ་བྱས་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་རོགས་སྐྱོར་མ་དངུལ་སྒོར་ཁྲི་396བརྩོན་ལེན་བྱས་ཏེ་ཤེལ་དཀར་གྲོང་ཚོའི་མི་རིགས་མཐུན་སྒྲིལ་འགྲེམས་ཁང་དང་མི་རིགས་རིག་གནས་རྒྱུན་འཛིན་ཉམས་ལེན་ཁང་རྨང་གཞིར་བྱས་ནས་ཤེལ་དཀར་གྲོང་ཚོའི་དམངས་སྲོལ་ཡུལ་སྐོར་ཐོན་ཁུངས་མུ་མཐུད་སྔོག་འདོན་བྱས་པ་དང་། ཤེལ་དཀར་གྲོང་ཚོ་དང་ཡུལ་སྐོར་ལས་དོན་ཁང་དབར་མཉམ་ལས་བྱས་ནས་དམངས་སྲོལ་གནས་ཚང་དང་དམངས་སྲོལ་ཉམས་ལེན་སོགས་ཐོན་ལས་འཕེལ་རྒྱས་བཏང་སྟེ་ཕུལ་བྱུང་གི་དོ་དམ་ལམ་སྲོལ་དང་འགྲུལ་ཁུངས་བརྟན་པོ་འདྲེན་པར་སྐུལ་ལྕག་བྱས་པ། དུད་ཚང་དུ་བསྐྱོད་ནས་དམངས་སྲོལ་ཉམས་ལེན(བཟའ་བཏུང་དང་རོལ་རྩེད)དང་། སྒོ་རའི་དཔལ་འབྱོར(སེའུ་དམར་འཐུ་བ)འབབ་འཕར་གྱི་ཐབས་ལམ་གཙོ་བོར་བྱས་ཏེ་ཤེལ་དཀར་གྲོང་ཚོ་འདི་ཉིད་ཀོང་ཏུང་ཡུལ་སྐོར་གྱི་ཐོན་ལས་བོད་སྐྱོར་དང་། འགྲུལ་ཁུངས་བོད་སྐྱོར། མ་དངུལ་བོད་སྐྱོར་བཅས་ཀྱི་ལས་སྟེགས་གལ་ཆེན་དུ་འགྱུར་བར་བྱས་ཡོད།

ཁེ་ལས་འཕེལ་རྒྱས་གཏོང་བར་རིམ་སྤོར་ཡོང་ཐབས་བྱེད་པ།

ཆབ་ནག་ཤང་བྷ་ག་གྲོང་ཚོས་ཉིང་ཁྲི་སྨན་གླིང་གནམ་ཐང་དང་ཐག་ཉེ་བའི་ས་བབ་ལེགས་ཆར་བརྟེན་ནས་ས་ཞིང་བརྒྱུད་བཤུག་བྱས་པ་བརྒྱུད། 2017ལོར་ཕུལ་བྱུང་ཁེ་ལས་ཏེ་བོད་ལྗོངས་ཁོ་ཤིན་ཞིང་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་ནང་འདྲེན་བྱས་པ་དང་། ཀུང་སིས་ལོ་ལྟར་བྷ་ག་གྲོང་ཚོར་སྒོར་ཁྲི་10ལྷག་ཙམ་གྱི་ས་ཞིང་བརྒྱུད་བཤུག་དངུལ་སྤྲད་པ་དང་འབྲེལ་ལོ་ལྟར་མུའུ་རེར་སྒོར་50རིམ་འཕར་བྱས་ཡོད།

ཀུང་སིས་དུས་ཡུན་རིང་པོའི་ནང་གྲོང་ཚོ་ནས་སྐབས་འཕྲལ་གླ་པ་བསྡུས་པ་དང་། ཀུང་སིས་དངོས་སུ་ཐོན་སྐྱེད་བྱེད་འགོ་བཙུགས་རྗེས་བྷ་ག་གྲོང་ཚོ་དང་གླ་པ་དུས་རིང་གླ་བའི་གྲོས་མཐུན་བཞག་ནས་གྲོང་མིར་ལས་སྣོན་ལག་རྩལ་བསླབ་ཡོད། དེ་དང་དུས་མཚུངས་ཀུང་སིས་བྷ་ག་གྲོང་ཚོའི་མཉམ་སྡེབ་འབྲུ་སྣུམ་ལས་སྣོན་བཟོ་གྲྭ་བོགས་མར་བླངས་པ་དང་། ལོ་ལྟར་ས་གནས་དེར་ནས་རྒྱ་མ་ཁྲི་320དང་ཀུ་ཤུ་ཏུན་ཁྲི་1འཚོང་རོགས་བྱས་པར་སྔོན་དཔག་བྱས་ན་བྷ་ག་གྲོང་ཚོའི་དུད་ཚང་རེར་ཡོང་འབབ་སྒོར་3000ནས་5000བར་མང་དུ་སོང་ནས་གྲོང་མིའི་ཕ་ཡུལ་འཛུགས་སྐྲུན་གྱི་རེ་བ་དང་ཡིད་ཆེས་ཆེ་རུ་ཕྱིན་་ཡོད།

ཉེ་བའི་ལོ་ཤས་རིང་། ཆབ་ནག་ཤང་གིས་རིགས་ཁག་གི་ཕུལ་བྱུང་ཁེ་ལས་དང་མཉམ་ལས་ཀྱིས་འཕེལ་རྒྱས་གཏོང་རྒྱུ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་སྟེ་ས་ཞིང་བརྒྱུད་བཤུག་དང་། རྒྱུ་ཆ་མཁོ་འདོན། ལས་ཞུགས་གཞན་སྒྱུར་སོགས་ཀྱི་ཐབས་ལམ་བརྒྱུད་ཞིང་འབྲོག་མང་ཚོགས་ལ“ཐོན་ལས་ཀྱི་ཡོང་འབབ”བྱུང་ཡོད། སྣ་མང་གཉེར་སྐྱོང་མཐའ་འཁྱོངས་བྱས་ནས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་བཏང་བ་དང་། ཤེལ་དཀར་མི་རིགས་རིག་གནས་རྒྱུན་འཛིན་ཉམས་ལེན་ཁང(བོད་ཤོག་བཟོ་གྲྭ)དང་། བརླ་མདོའི་འགྲུལ་ཁང་གི་ཚོགས། བྷ་ག་བྱམས་བརྩེའི་ཉི་འོད་གྲོང་ཁྱིམ་སོགས་ས་གནས་དེ་གའི་སྤུས་རྟགས་ཕུལ་བྱུང་ཁག་གཅིག་ཐོན་ནས་ཐོན་ལས་ཀྱི་རྣམ་པ་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་དང་། མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་ཏེ། གྲོང་གསེབ་དར་རྒྱས་གཏོང་རོགས་བྱས་ཡོད།