ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་གསུམ་ལྡན་གྲོང་ཚོས། “རྒན་གསོའི་ས་ཚིགས”དེ“བདེ་སྐྱིད་ལྡན་པའི་ས་ཚིགས”སུ་རིམ་སྤོར་བྱས་པ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    | 2024-03-04

ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་གསུམ་ལྡན་གྲོང་ཚོ་2016ལོའི་ཟླ་3པར་སྐྲུན་འགོ་ཚུགས་པ་དང་2016ལོའི་ཟླ་7པར་སྤྱོད་འགོ་ཚུགས་ནས་ད་བར་ལོ་9སོང་ཡོད།

གྲོང་ཚོའི་སྒོ་ཁར་ཉི་མ་བསྲོ་བཞིན་པའི་གསུམ་ལྡན་གྲོང་ཚོའི་བགྲེས་སོང་པད་མས་གསར་འགོད་པ་མཐོང་མ་ཐག་ཅི་འཕྲོས་མོལ་འཕྲོས་བྱེད་འགོ་ཚུགས་ནས“ང་འདི་གར་སྤོས་ནས་ལོ་8ཕྱིན་སོང་། འདི་གར་ཉིན་རེ་བཞིན་མ་འདས་པར་སྐྱིད་དུ་དང་བློ་བདེ་རུ་འགྲོ་གི་འདུག‘རྒན་གསོའི་ས་ཚིགས’བཙུགས་པ་ནས་བཟུང་། ཉིན་ལྟར་སྨན་པས་ངར་ཁྲག་ཤེད་ལྟ་བ་དང་གཟུགས་པོའི་གནས་ཚུལ་སྐད་ཆ་འདྲི་གི་འདུག་པས། ང་ཚོ་གཟུགས་པོ་ཐང་པོ་བྱུང་ཚེ་ཕྲུ་གུ་ཚོ་ཕྱིར་ལས་ཀར་སྐྱོད་སྐབས་ཀྱང་བློ་བདེ་པོ་རེད”ཅེས་བཤད།

བགྲེས་སོང་པད་མས་བཤད་པའི“རྒན་གསོའི་ས་ཚིགས”དེ་ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་མ་དངུལ་བཏང་ནས་བསྐྲུན་པ་ཞིག་ཡིན་ཞིང་། 2020ལོའི་ཟླ་བདུན་པར་དངོས་སུ་གཉེར་འགོ་ཚུགས་ནས། ཉིན་མོར་ལྟ་རྟོག་བྱེད་དགོས་པའི་རྒན་རྒོན་25ཡོད་པ་མ་ཟད། ད་དུང་ཆེད་མངགས་གྲོང་ཚོ་དེ་གའི་མི་གླས་ཏེ་རྒན་རྒོན་ཚོའི་རྒྱུན་གཏན་འཚོ་བ་དང་གཟུགས་པོར་ལྟ་རྟོག་བྱེད་ཀྱི་ཡོད།

ས་ཚིགས་དེ་ཉིན་ལྟར་སྔ་དྲོའི་ཆུ་ཚོད་9པར་སྒོ་ཕྱེ་ཡི་ཡོད་ཅིང་། ཆུ་ཚོད་9དང་ཕྱེད་ཀ་ཙམ་ལ་རྒན་རྒོན་ཚོ་གཅིག་རྗེས་གཉིས་མཐུད་ངང་ས་ཚིགས་སུ་ཡོང་གི་ཡོད། ཉིན་མོའི་ལྟ་རྟོག་ཕུད་ལས་དོན་པས་ཉིན་ལྟར་རྒན་རྒོན་ཚོའི་གཟུགས་པོའི་གནས་ཚུལ་ལ་གཞིགས་ཏེ་ཉིན་རེར་ལྟོ་དུས་གསུམ་མཁོ་འདོན་བྱེད་པ་མ་ཟད། ཇ་མངར་མོ་དང་ཇ་བསྲུབས་མ་སོགས་ཀྱང་མཁོ་འདོན་བྱེད་ཀྱི་ཡོད།

2023ལོར། ཅང་སུའུ་ཞིང་ཆེན་གྱི་བོད་སྐྱོར་མ་དངུལ་གྱི་རྒྱབ་སྐྱོར་འོག་ས་གནས་དེ་གའི་སྲིད་གཞུང་གིས་གྲོང་ཚོ་དེའི“རྒན་གསོའི་ས་ཚིགས”བསྐྱར་སྐྲུན་རྒྱས་སྐྲུན་བྱས་པ་དང་། རྒན་གསོའི་སྒྲིག་ཆས་དང་བྱིས་གསོའི་སྒྲིག་ཆས་ཐག་ཉེ་སར་བཀོད་སྒྲིག་བྱས་ཏེ་སྒྲིག་འཛུགས་བྱེད་པའམ་ཡང་ན་རང་རྟོགས་ངང་སྤེལ་རེས་བྱེད་སྒོ་སྤེལ་བ་བརྒྱུད། རྒན་རྒོན་དང་བྱིས་པར་མཉམ་དུ་ལྟ་རྟོག་ཐུབ་ནས། ད་ཆའི་རྒན་གསོ་དང་བུ་བཅོལ་གཞི་གཅིག་ཅན་གྱི“བདེ་སྐྱིད་ལྡན་པའི་ས་ཚིགས”ཤིག་རིམ་བཞིན་གྲུབ་སྟེ་གསུམ་ལྡན་གྲོང་ཚོའི་རྒན་གསོ་བྱིས་སྐྱོང་གི་རྣམ་པ་གསར་རྐྱང་ཞིག་བཏོད་ཡོད།

ད་ཆ་གསུམ་ལྡན་གྲོང་ཚོའི་མང་ཚོགས་ཀྱིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཐུགས་ཁུར་དང་གཟིགས་སྐྱོང་འོག རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དགའ་སྤྲོ་དང་། འཆམ་མཐུན། བག་ཕེབས་བཅས་ཀྱི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཅིག་སྐྲུན་བཞིན་མཆིས།