བོད་ཀྱི་རིམ་ཁག་ཁྲལ་དོན་སྡེ་ཚན་གྱིས་ཁྲལ་གྲོན་གྱི་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་དང་ཟུར་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ། ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་དང་རྒྱ་སྟོབས་ ཆེ་རུ་འགྲོ་བར་རམ་འདེགས་བྱས་པ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    | 2024-03-20

ཉེ་བའི་ལོ་ཤས་རིང་། བོད་ཀྱི་རིམ་ཁག་ཁྲལ་དོན་སྡེ་ཚན་གྱིས“ཞིང་གསུམ”ལས་དོན་ལ་དམིགས་པ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་བའི་དོན་དངོས་ལ་གཞིགས་ཏེ། ཁྲལ་གྲོན་གྱི་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་དྲིལ་བསྒྲགས་དང་ཟུར་ཁྲིད་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་སྲིད་ཇུས་ཀྱི་ཕན་པ་མུ་མཐུད་སྦྱིན་ཏེ་ཁྲལ་བསྡུའི་ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་བཏང་བས། ཁྱད་ལྡན་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་འགྲོ་བར་རམ་འདེགས་ཐུབ་ཡོད།

སྣ་མང་ཕུན་སུམ་ཚོགས་པའི་འབྲོག་ལས་ཐོན་ཁུངས་དང་སྤུས་ཀ་དག་པའི་དཀར་ཆུའི་ཐོན་རྫས་ཡོད་པ་ལས་ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་གྱི་སྙན་གྲགས་ཉེ་རིང་གང་སར་ཁྱབ། མཚོ་སྨད་རྫོང་གྲི་གུ་གྲོང་རྡལ་དྭངས་ར་གཡུ་མཚོའི་ཞིང་འབྲོག་ཐོན་རྫས་ལས་སྣོན་བྲིན་ཚོང་ཆེད་ལས་མཉམ་ལས་ཁང་ནི་མར་ཕྱུར་དང་ལ་ལ་སོགས་ཐོན་རྫས་ལས་སྣོན་དང་། ཕྱིར་ཚོང་གཙོ་བོར་བྱེད་པའི་ཆེད་ལས་མཉམ་ལས་ཁང་ཞིག་རེད།

“ང་ཚོའི་མཉམ་ལས་ཁང་ལ་འབྲོག་ལས་ཐོན་ཁུངས་དང་དཀར་ཆུའི་ཐོན་རྫས་ཕུན་སུམ་ཚོགས་པོ་ཡོད། སྔོན་མ་འབྲོག་ལས་ཀྱི་ཕན་འབྲས་དེ་ཙམ་ཆེན་པོ་མེད། གང་ལགས་ཤེ་ན། ཞིང་དུད་ཀྱིས་གཉེར་སྐྱོང་བྱེད་པས་འབྲོག་ལས་ཀྱི་གཞི་ཁྱོན་ཆུང་ཞིང་ཐར་ཐོར་དང་ཉམས་ཞན་ཞིག་ལས་མེད། འཕེལ་རྒྱས་དང་རྒྱ་སྟོབས་ཆེ་རུ་གཏོང་ཆེད། ང་ཚོས་མཉམ་ལས་ཁང་བཙུགས་ཏེ། གཞི་ཁྱོན་ཅན་གྱི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་པས་ད་ཆ་ཚང་མའི་འཚོ་བ་ཡག་ཏུ་ཕྱིན་ཡོད། མཉམ་ལས་ཁང་འཕེལ་རྒྱས་འདི་ལྟ་བུ་བྱུང་བར་ཁྲལ་དོན་སྡེ་ཚན་གྱིས་རྒྱབ་སྐྱོར་ཤུགས་ཆེན་གནང་བ་དང་ཁ་འབྲལ་ཐབས་མེད”ཅེས་ལོ་འདི་དག་རིང་མཉམ་ལས་ཁང་ལ་བྱུང་བའི་འགྱུར་ལྡོག་སྐོར་གླེང་སྐབས། དེའི་འགན་འཁུར་བ་བཀྲ་ཤིས་རྒྱལ་མཚན་གྱིས་ཁྲལ་དོན་སྡེ་ཚན་གྱིས་རོགས་རམ་བྱས་ཚུལ་རྟག་ཏུ་བརྗོད་ཀྱིན་ཡོད།

“ཁྲལ་འཇལ་བ་དང་གྲོན་འཇལ་བར་བྱ་བ་དངོས་དང་བྱ་བཟང”སྒྲུབ་ཤུགས་སྔར་བས་ཆེ་རུ་གཏོང་ཆེད། མཚོ་སྨད་རྫོང་དཔྱ་ཁྲལ་ཅུས་ཀྱིས་ཞིང་འབྲོག་ཁུལ་གྱི་དཔྱ་ཁྲལ(འགྲོ་གྲོན)དང་འབྲེལ་བའི་ཞབས་ཞུའི་དགོས་མཁོར་དམིགས་ནས། ཁྲལ་འཇལ་ཞབས་ཞུའི་ཚོགས་པ་བཙུགས་པ་དང་ཞིང་འབྲེལ་གྱི་དཔྱ་ཁྲལ་གཟིགས་སྐྱོང་སྲིད་ཇུས་ཕྱོགས་སྟོན་རྩོམ་འབྲི་བྱས་ཏེ“ཐོན་ལས་རེར་གསལ་ཐོ་རེ་དང་། ཁེ་ལས་རེར་དོ་དམ་པ་རེའི”ཞབས་འདེགས་ཞུ་སྟངས་བཏོན་པ་དང་། “སྲིད་ཇུས་ཀྱིས་མི་ལ་ཞབས་འདེགས་ཞུ་བ”དང“སྲིད་ཇུས་སྒོ་རྩར་ཁྱབ་པར་བྱེད་པའི”ཞབས་འདེགས་ཞུ་སྟངས་ལག་ལེན་གནད་འཁེལ་བསྟར་བས། སྲིད་ཇུས་ཀྱི་ཕན་པ་ཐད་ཀར་འདོགས་པ་དང་ལོངས་སུ་སྤྱོད་ཐུབ་པ་བྱུང་ནས་མཉམ་ལས་ཁང་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་བསྣན་ཡོད།

གྲི་གུ་གྲོང་རྡལ་དང་བར་ཐག་སྤྱི་ལེ་400ལྷག་ཙམ་ཆོད་ཅིང་། ས་བབ་མཐོ་ཚད་སྨི་4400ལྷག་ཙམ་ཟིན་པའི་ཁང་དམར་རྫོང་གི་སྔོ་ཚལ་སྤུས་དག་ཐོན་སྐྱེད་རྟེན་གཞི་སྟེ། ཁང་དམར་རྫོང་ཁང་ཧྲའུ་སྔོ་ཚལ་ཉོ་སྒྲུབ་དང་བྲིན་ཚོང་ཞབས་ཞུ་ལྟེ་གནས་ཀྱི་དྲོད་ཁང་ཆེན་པོའི་ནང་འབྲི་ཏ་ས་འཛིན་དང་། སོ་ལོ་སྔོན་པོ། ཀྲོ་མ་ཀྲུ སུར་པན། ཤིས་ཧུའུ་ལུ་སོགས་ཤིང་འབྲས་དང་སྔོ་ཚལ་གྱི་སྐྱེ་འཚར་ཤིན་ཏུ་ལེགས།

ཤེས་རྟོགས་བྱུང་བར་གཞིགས་ན། ཁང་དམར་རྫོང་ཁང་ཧྲའུ་སྔོ་ཚལ་ཉོ་སྒྲུབ་དང་བྲིན་ཚོང་ཞབས་ཞུ་ལྟེ་གནས་ནི་ལག་རྩལ་གསར་གཏོད་དང་། དཔེ་གསར་ཞིབ་སྤེལ། དཔེ་སྟོན་སྣེ་ཁྲིད་བཅས་གཅིག་ཏུ་བསྡུས་པའི་ས་མཐོའི་ཤིང་འབྲས་དང་སྔོ་ཚལ་ཐོན་ལས་འཕེལ་རྒྱས་གཞི་གཅིག་ཅན་གྱི་གླིང་ཁུལ་གསར་པ་ཞིག་ཡིན་ཞིང་། དེས་ལས་ཞུགས་ཐག་གཅོད་དང་ལག་རྩལ་མཛུབ་ཁྲིད་སོགས་ལ་བརྟེན་ནས་ས་གནས་ཀྱི་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་བྱས་ཡོད། ས་གནས་ཀྱི་ཞིང་ལས་ཐོན་རྫས་འཕེལ་རྒྱས་གཏོང་རོགས་བྱ་ཆེད། གཞིས་རྩེ་གྲོང་ཁྱེར་ཁྲལ་དོན་སྡེ་ཚན་གྱིས་ཞིང་ལས་ཐོན་རྫས་ཐོན་སྐྱེད་ཁེ་ལས་ལ་དམིགས་ནས་དཔྱ་ཁྲལ་ཞབས་ཞུ་དང་སྲིད་ཇུས་དོན་འཁྱོལ་ཐད་མུ་མཐུད་ཤུགས་བརྒྱབ་པ་མ་ཟད། ཞིང་ལས་ཐོན་རྫས་ཐོན་སྐྱེད་ཁེ་ལས་ཀྱི་གནས་ཚུལ་ལ་གཞིགས་ནས“ཇོ་མོ་གླང་མའི་ཁྲལ་གྲོན་ཞབས་ཞུའི་ས་ཚིགས”ཀྱི་ཚོགས་པ་སྒྲིག་འཛུགས་ཀྱིས་ཞིང་ནང་དང་མུ་ཁ་དང་། གསོ་སྤེལ་རྟེན་གཞིར་བསྐྱོད་དེ་དགོས་མཁོར་རྒྱུས་ལོན་བརྟག་དཔྱད་བྱས་ནས་དམིགས་བཙུགས་ཀྱི་གནད་འཁེལ་ཞབས་འདེགས་ཞུས་པ་དང་ཞིང་ལས་ཐོན་རྫས་ཐད་ཀྱི“ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་མཛོད”སྐབས་བསྟུན་ངང་ལེགས་སྒྲིག་དང་རང་ཉིད་ཀྱིས་ཐོན་སྐྱེད་དང་བྲིན་ཚོང་བྱེད་པའི་ཞིང་ལས་ཐོན་རྫས་ལ་ཁྲལ་གྲོན་མི་བསྡུ་བ་དང་། ཞིང་ལས་ཐོན་རྫས་ཉོ་སྒྲུབ་ཀྱི་འཛིན་ཤོག་གིས་ཚབ་འཐེན་བྱེད་པ་སོགས་ཀྱི་སྲིད་ཇུས་སྒྲོག་འགྲེལ་བྱས་ནས་ཁྲལ་འཇལ་བ་དང་གྲོན་འཇལ་བར་ཁྲལ་གྲོན་གྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སྤྱོད་གང་ཐུབ་ཡོང་བར་རོགས་རམ་བྱས་ཡོད།