རྨང་གཞི་བརྟན་གཏོང་གི་རྩ་དོན་གལ་ཆེན་ངེས་པར་དུ་མཐའ་འཁྱོངས་བྱེད་དགོས། ཡོང་ཁུངས།  ཀྲུངགོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-03-24

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། རྨང་གཞི་བརྟན་དུ་གཏོང་བར་རྩ་ལག་མཉམ་བཅོས་དང་རྩ་བཅོས་གཙོ་བཟུང་བྱ་རྒྱུ་དེ་ཡིན་ཞིང་། རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་མང་ཙམ་བསྒྲུབས་ནས། གཞི་རིམ་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་གཞི་རིམ་གྱི་ལས་དོན་ཏན་ཏིག་སྒྲུབ་དགོས་པའི་ནན་བཤད་གནང་ཡོད། དེ་ལས་ང་ཚོར་ཏང་གིས་བོད་ཀྱི་གཞི་རིམ་དུ་སྲིད་སྐྱོང་བའི་རྨང་གཞི་ཕྱོགས་ཡོངས་ནས་བརྟན་དུ་གཏོང་བ་དང་། འཐབ་ཇུས་ཀྱི་གོ་རྟོགས་མཐོ་རུ་གཏོང་བ། ཕུགས་ཀྱི་མིག་རྒྱང་མཐའ་འཁྱོངས། འཕེལ་རྒྱས་ཀྱི་རྨང་གཞི་དང་བྱ་གཞག་གི་གཞི་རྩ་བརྟན་དུ་གཏོང་བ་བཅས་བྱས་ནས་གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་མང་ཚོགས་ཀྱི་སྐྱིད་སྣང་དང་། ཐོབ་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་འགན་ལེན་ཡོང་བ་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

རྨང་གཞི་བརྟན་པོ་མེད་ན་གཡོ་འགུལ་ཐེབས་ཉེན་ཆེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ནི་ལས་སླ་པོའི་ངང་རྔ་རྡུང་དར་འཕྱར་བྱས་ནས་མངོན་འགྱུར་ཐུབ་པ་ཞིག་གཏན་ནས་མིན་ལ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་ཡང་ལས་སླ་པོའི་ངང་འཛུགས་སྐྲུན་ཐུབ་པ་ཞིག་མིན་པས། ངེས་པར་དུ་ལོ་རྒྱུས་ཀྱི་ཉམས་སད་ཐེག་ཐུབ་པ་བྱས་ནས་དེར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ང་ཚོས་རྨང་གཞི་བརྟན་དུ་གཏོང་བའི་རྩ་དོན་གལ་ཆེན་མཐའ་འཁྱོངས་ཀྱིས་རང་རྟོགས་ངང་བོད་ཀྱི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་བཞག་ནས་བསམ་གཞིག་ཇུས་འགོད་དང་སྐུལ་འདེད་གཏོང་བ་དང་། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་དང་། ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་པ་སོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་ཏན་ཏིག་ཡག་པོ་སྒྲུབ་པ། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་དར་སྤེལ་གཏོང་བ་བཅས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་བོད་དུ་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་པའི་འགན་ལེན་བྱེད་དགོས།

རྨང་གཞི་བརྟན་དུ་གཏོང་བར་ཕུགས་འཕེར་གྱི་ཇུས་གཞི་མང་ཙམ་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱོད་དགོས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་ནས“བྱས་འབྲས་ཐོབ་པར་ངས་མི་རྩོད། བྱས་རྗེས་འཇོག་པར་ང་ཡིས་འབད”ཅེས་པའི་ལོ་རྒྱུས་ཀྱི་འགན་འཁྲི་ཁུར་སེམས་ཀྱི་ཐོག་ནས་བྱས་རྗེས་དེང་འདིར་བཞག་པ་དང་། ཕན་འབྲས་སྐལ་བརྒྱར་ཐོན་པ། བུ་རབས་ཚ་རྒྱུད་ལ་ཕན་པ་བཅས་ཀྱི་བྱ་བ་མང་ཙམ་སྒྲུབ་དགོས། བོད་ཀྱི་འགལ་ཟླ་གཙོ་བོ་དང་དམིགས་བསལ་གྱི་འགལ་ཟླ་ཁོང་དུ་བརྟན་པོར་ཆུད་པ་བྱས་ནས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་བོད་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ་རྒྱ་ཆེའི་མང་ཚོགས་སྐྱེ་ཁམས་དང་ཡུལ་སྐོར་ལས་བྱུང་བའི་ཕན་པ་ཐོབ་པར་བྱས་ནས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་སྤེལ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་གྱི་བསམ་བློའི་རྨང་གཞི་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་མང་ཚོགས་ཀྱི་བསམ་བློའི་རྨང་གཞི་རྒྱུན་མཐུད་བརྟན་དུ་གཏོང་བ་བཅས་བྱེད་དགོས། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་དང་རྨང་གཞིའི་སྟོན་ཕྱོགས་ཁ་གསལ་མཐའ་འཁྱོངས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་དེ་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཟམ་སྣེའི་བཙན་རྫོང་དང་། མི་རིགས་མཐུན་སྒྲིལ་གྱི་ལས་དོན་རུ་ཁག མང་ཚོགས་ཕྱུག་འགྱུར་གྱི་སྣེ་ཁྲིད་པ་བཅས་སུ་གྱུར་བ་བྱས་ཏེ་གཞི་རིམ་ཏང་འཛུགས་སྐྱོང་གི་སྣེ་ཁྲིད་འོག་གཞི་རིམ་གྱི་དུས་བདེས་སྤྱི་ཡོངས་ཀྱི་དུས་བདེ་སྲུང་སྐྱོང་བྱེད་པ་དང་གཞི་རིམ་གྱི་ཞི་མཐུན་ལ་བརྟེན་ནས་སྤྱི་ཡོངས་ཞི་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོ“ཞིང་གསུམ”དུ་ཡོད་པ་བློ་ལ་བརྟན་པོར་ངེས་ནས། བོད་ཀྱི་གྲོང་གསེབ་དར་རྒྱས་ལག་ལེན་ཏན་ཏིག་བསྟར་བ་དང་། ཡུལ་བབ་དང་བསྟུན་ནས་བོད་ཀྱི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ། མང་ཚོགས་ཀྱི་ནང་སྐྱེས་སྒུལ་ཤུགས་སྔར་བས་འཕེལ་བ་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་དེ་བས་འབྱོར་ཕྱུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་དགོས།