མངའ་རིས་ས་ཁུལ་གྱིས་འདི་ལོ་གཙོ་གནད་རྣམ་གྲངས་ཁག་340ལག་བསྟར་བྱེད་རྩིས་ཡོད་པ། ཁྱོན་མ་དངུལ་སྒོར་དུང་ཕྱུར་724.24བཏང་བ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    | 2024-03-31

ཉེ་ཆར། གསར་འགོད་པར་མངའ་རིས་ས་ཁུལ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། འདི་ལོ་མངའ་རིས་ས་ཁུལ་གྱིས་གཙོ་གནད་རྣམ་གྲངས་ཁག་340ལག་བསྟར་བྱེད་རྩིས་ཡོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་724.24བཏང་བ་དང་། མ་དངུལ་སྒོར་དུང་ཕྱུར་119.26གཏོང་རྩིས་ཡོད་པ་དེ་དུས་མཚུངས་ལས་13%ཡན་འཕར་ཡོད་པ་རེད།

འདི་ལོ་ནས་བཟུང་། མངའ་རིས་ས་ཁུལ་གྱིས“རྣམ་གྲངས་ལ་དམ་འཛིན་བྱེད་པ་ནི་འཕེལ་རྒྱས་ལ་དམ་འཛིན་བྱེད་པ་དང་། འཕེལ་རྒྱས་ལ་དམ་འཛིན་བྱེད་པར་ངེས་པར་དུ་རྣམ་གྲངས་ལ་དམ་འཛིན་བྱེད་དགོས་པའི”འདུ་ཤེས་བརྟན་པོ་བཙུགས་ཏེ། དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་དང་། རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་རྒྱག་པ། ཨར་སྐྲུན་མྱུར་ཚད་མགྱོགས་སུ་གཏོང་བ་བཅས་བྱས་ནས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་དང་ཕན་འབྲས་ཆེ་རུ་འགྲོ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད། མངའ་རིས་ས་ཁུལ་གྱིས་འདི་ལོ་ལག་བསྟར་བྱ་རྒྱུའི་གཙོ་གནད་རྣམ་གྲངས་ཁྲོད་མཐུད་འཛུགས་རྣམ་གྲངས་ཁག་112ཡོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་152.48གཏོང་རྩིས་ཡོད་པ་དང་མ་དངུལ་སྒོར་དུང་ཕྱུར་44.06བཏང་ཟིན་ཡོད། གསར་སྐྲུན་རྣམ་གྲངས་ཁག་228ཡོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར་571.76གཏོང་རྩིས་ཡོད་པ་དང་མ་དངུལ་སྒོར་དུང་ཕྱུར་75.2བཏང་ཟིན་ཡོད་པ་རེད། མིག་སྔའི་བར། ལས་འགོ་བསྐྱར་ཚུགས་རྣམ་གྲངས་ཁག་9ཡོད་པར་མ་དངུལ་སྒོར་ཁྲི་1083བཏང་ཡོད། གཞན་ཡང་། གསར་སྐྲུན་རྣམ་གྲངས་ཁག་228ཡོད་པའི་ཁྲོད་ནས་རྣམ་གྲངས་ཁག་33གྱི་དུས་འགོའི་ལས་དོན་སྒྲུབ་བཞིན་ཡོད་པ་དང་རྣམ་གྲངས་ཁག་195ཡི་དུས་འགོའི་ལས་དོན་ལེགས་གྲུབ་ཟིན་ཡོད་པ་རེད།

གོམ་སྟབས་རྗེས་མར། མངའ་རིས་ས་ཁུལ་གྱིས《མངའ་རིས་ས་ཁུལ་གྱི་2024ལོའི་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་གྱི“ཉིན་བརྒྱའི་འགག་སྒྲོལ”བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞིའི》བླང་བྱ་ནན་པོར་གཞིགས་ཏེ། རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་། “གཟའ་འཁོར་རེར་བཀོད་གཏོང་དང་། ཟླ་རེར་བརྡ་ཁྱབ། དུས་ཚིགས་རེར་རྩིས་བཤེར། ལོ་རེར་དཔྱད་ཞིབ”བཅས་ཀྱི་རྣམ་གྲངས་ལ་ལྟ་སྐུལ་དང་མཐུན་སྦྱོར་སྐུལ་འདེད་ཀྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། འགོ་ཁྲིད་ཀྱིས་འགན་འཁྲི་གཙང་ལེན་དང་། ཆེད་དོན་ཚན་ཁག་གིས་ཞབས་ཞུ། འབྲེལ་གཏུག་པས་རྗེས་སྙེག གསལ་ཐོ་ཅན་གྱི་བཀོད་གཏོང་སོགས་བྱེད་ཐབས་དོན་འཁྱོལ་བྱེད་པ། རྒྱུ་རྐྱེན་གཙོ་བོ་འགན་ལེན་དང་། ཞིབ་མཆན་འགོད་པའི་ཞབས་ཞུ། འཕེལ་རིམ་བཀོད་གཏོང་། གནད་དོན་མཐུན་སྦྱོར་སོགས་ཐད་སྔོན་ཚུད་ནས་ཤུགས་རྒྱག་པ་དང་ལས་དོན་ཧུར་ཐག་སྒྲུབ་པ། ཨར་ལས་ཀྱི་དུས་ཚོད་ཡག་ཤོས་དམ་འཛིན་ཡག་པོ་བྱེད་པ། རྣམ་གྲངས་འཛུགས་སྐྲུན་གྱི་སྤུས་འབྲས་ལེགས་གཉེར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། སྤུས་ཚད་མཐོ་བའི་རྣམ་གྲངས་འཛུགས་སྐྲུན་གྱིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད།