ལྷོ་ཁ་གྲོང་ཁྱེར་གྱིས་གཞས་མ་གཏམ་གསར་རྩོམ་དང་འཁྲབ་སྟོན་གྱི་རྐང་འཛིན་ཤེས་ལྡན་པ་གསོ་སྦྱོང་བྱས་པ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-04-12

ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་དང་རྫོང་རིམ་གཉིས་ཀྱི་སྒྱུ་རྩལ་ཚོགས་པའི་གཞོན་དར་རྐང་འཛིན་པ42སྒྲིག་འཛུགས་བྱས་ནས། 2024ལོའི་གཞས་མ་གཏམ་གསར་རྩོམ་དང་འཁྲབ་སྟོན་གྱི་རྐང་འཛིན་ཤེས་ལྡན་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད།

ད་ཐེངས་ཀྱི་གསོ་སྦྱོང་ནང“རིགས་པའི་གཞུང་ལུགས་སློབ་ཁྲིད་དང་ས་གནས་ས་ཐོག་ཏུ་བརྟག་ཞིབ་སློབ་སྦྱོང”ཟུང་དུ་འབྲེལ་བའི་བྱེད་སྟངས་སྤྱད་ཅིང་། ཕྱོགས་གཅིག་ནས་རིག་རྩལ་ཁྱབ་ཁོངས་ཀྱི་གྲགས་ཅན་མཁས་དབང་དང་གཞས་མ་གཏམ་མཁས་ཅན་སོགས་གདན་དྲངས་ནས་དུས་རབས་གསར་པའི་གཞས་མ་གཏམ་གསར་རྩོམ་གྱི་འདུ་ཤེས་གསར་པ་དང་བླང་བྱ་གསར་པ་དང་ཟུང་འབྲེལ་བྱས་ཏེ། འཁྲབ་གཞུང་གི་ཆུ་ཚད་མཐོ་རུ་གཏོང་བ་དང་། འཁྲབ་ཁྲིད་པའི་འཇོན་ཐང་ཆེ་རུ་གཏོང་བ། འཁྲབ་སྟོན་པའི་བྱང་ཚད་མཐོ་རུ་གཏོང་བ། གཞས་མ་གཏམ་གྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་བཅས་ལ་དམིགས་ནས་སློབ་ཁྲིད་བཅས་བྱས་པ་རེད། ཕྱོགས་གཞན་ཞིག་ནས་སློབ་མ་རྣམས་ལྷུན་རྩེ་རྫོང་སློབ་གྲྭ་ཆེ་མོ་བའི་ལས་ཞུགས་ཏང་འཛུགས་སྐྱོང་དཔེ་སྟོན་ས་ཚིགས་དང་། རྡོ་ཡུལ་ལྷོ་པ་མི་རིགས་ཤང་གི་ལོ་རྒྱུས་ཁང་། གཉལ་སྨད་སྙིང་སྟོབས་འགྲེམས་སྟོན་ཁང་། ལྷུན་རྩེ་རྫོང་སྒྱུ་རྩལ་ཚོགས་པ་སོགས་སུ་བརྟག་ཞིབ་སློབ་སྦྱོང་དང་བཞུགས་མོལ་སྤེལ་རེས་བྱེད་པར་མངགས་ནས། སློབ་མའི་གསར་རྩོམ་ནུས་པ་ཆེ་རུ་འགྲོ་བར་རམ་འདེགས་དང་། གསར་རྩོམ་གྱི་སྤྲོ་སྣང་འཕེལ་བ། གསར་རྩོམ་གྱི་དཔྱད་གཞི་བསྡུ་རུབ་བཅས་བྱས་ཏེ་རིག་རྩལ་གསར་རྩོམ་ལ་སྐུལ་འདེད་བཏང་ཡོད།