ཐོན་ལས་དར་རྒྱས་གོང་འཕེལ་བཏང་། མང་ཚོགས་ཕྱུག་པོའི་ལམ་དུ་བསྐྱོད། སྙེ་མོ་རྫོང་གིས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱས་པའི་སྐོར་བཀོད་པ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-04-12

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས“དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞི”དང་“མདུན་གྲལ་དུ་སླེབས་པ་བཞིར”དམིགས་ནས། ཐོག་མཐའ་བར་གསུམ་དུ་ཐོན་ལས་རྣམ་གྲངས་ལ་དམ་འཛིན་དང་མང་ཚོགས་ལ་འབབ་འཕར་ཡོང་བར་སྣེ་འཁྲིད་རྒྱུ་དེ“འདུ་འགོད་ཨང་དང་པོར”བརྩི་བ་དང་ཏང་ཡོན་ལས་བྱེད་པ་སྙེ་མོའི་ཐོན་ཁུངས་ཀྱི་ལེགས་ཆ་ཡག་ཤོས་སུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས“མི་ལ་ལག་རྩལ་ཡོད་པ་དང་། དུད་ཚང་ལ་ཕྱུག་འགྱུར་ཐབས་ལམ་ཡོད་པ་། གྲོང་ཚོར་ཐོན་ལས་ཡོད་པ”བཅས་དུས་ཐུང་གི་དམིགས་ཚད་བྱེད་པ་དང་། “མང་ཚོགས་ཀྱི་སྣེ་ཁྲིད་དེ་ལས་དོན་སྒྲུབ་པ་དང་། ལས་དོན་བསྒྲུབས་ནས་མང་ཚོགས་ལྟ་རུ་འཇུག་པ། མང་ཚོགས་ཆེད་འཕེལ་རྒྱས་གཏོང་བ། གྲུབ་འབྲས་མང་ཚོགས་ཀྱིས་ལོངས་སུ་སྤྱོད་པ”བཅས་དུས་འབྲིང་གི་དམིགས་ཚད་བྱེད་པ། “སྙེ་མོའི་གྲོང་གསེབ་དར་རྒྱས་མངོན་འགྱུར་ཡོང་བ་དང་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་གཏོང་བ”ཕུགས་ཀྱི་དམིགས་ཚད་བཅས་བྱས་ནས“གཤམ་སྤེལ་བཞིའི”ལས་དོན་སྒྲུབ་སྟངས་དར་སྤེལ་ཤུགས་ཆེན་བཏང་ཡོད། “གནས་གཏད་གནས”ཀྱི་ལས་བྱེད་པས་ཐོན་ལས་ལ་དམ་འཛིན་བྱེད་པའི་ལས་ཀའི་ལམ་སྲོལ་ལག་བསྟར་གནད་སྨིན་བྱས་ཏེ། ཐོན་ལས་འཕེལ་རྒྱས་ཀྱི་འཇུར་མིག་སེལ་བར་གཞོལ་བ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། སྙེ་མོ་རྫོང་གིས་སྔ་རྗེས་སུ་འདེམས་གཏོང་བྱས་པའི་རྫོང་རིམ་པའི་ལས་བྱེད་པ་26གིས་སྣེ་ཁྲིད་དེ་རྫོང་རིམ་པའི་ཐོན་ལས་4ལ་སྤྱི་ཡོངས་ནས་དམ་འཛིན་དང་། ཁོའོ་རིམ་པའི་ལས་བྱེད་པ་52ཀྱིས་ཤང་རིམ་པའི་ཐོན་ལས་12ལ་དམ་འཛིན། གཤམ་སྐྱོད་ལས་བྱེད་པ་111གིས་གྲོང་ཚོ་རིམ་པའི་ཐོན་ལས་62ལ་གནད་སྨིན་དམ་འཛིན་བཅས་བྱས་ཡོད། ལས་བྱེད་པ་འདེམས་སྤྱོད་བྱེད་པའི་ཐད་འདེམས་གཏོང་གི་ཚད་གཞིར་གཞིགས་ནས་ལས་བྱེད་པ་གསོ་སྐྱོང་སྦྱོང་་བརྡར་གྱི་ལས་དོན་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དོན་འཁྱོལ་ནན་པོ་བྱས་པ་དང་། ལས་བྱེད་པ་འདེམས་གཏོང་གི་ཚད་གཞི་ནན་དུ་བཏང་སྟེ་ལོ་ན་གཞོན་པ་དང་། འཇོན་ཐང་ཆེ་བ། འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་བ། མང་ཚོགས་ཀྱི་རྨང་གཞི་ཡག་པ་བཅས་ཀྱི་རྗེས་གྲབས་ལས་བྱེད་པ་དང་ཕུལ་བྱུང་ཏང་ཡོན་ལས་བྱེད་པ་སྔོན་ལ་འདེམས་གཏོང་བྱས་ནས་ཐོན་ལས་དམ་འཛིན་བྱེད་དུ་བཅུག་པས་“ཚལ་ཞིང་འདེབས་མཁན་ལས་བྱེད་པ”ལིའུ་ཧུང་ཡུས་དང་། “བ་གླང་གསོ་མཁན་ཧྲུའུ་ཅི”མཱ་ཨན་དབྱང་། “ཕག་པ་གསོ་མཁན་ཤང་ཀྲང”ལུའོ་ཧུང་ཝུན། “བྱ་དེ་གསོ་མཁན་སི་ལིང”ཕེང་ཧུའུ། “ཁམ་བུ་འདེབས་མཁན་རིགས་གཅིག་མཁས་ཅན”ཝང་རུང་ཧྭ་སོགས་སྔོན་ཐོན་དཔེ་བཟང་མི་སྣ་འབོར་ཆེན་ཞིག་ཐོན་པ་དང་། ལྷག་པར་དུ“ཁམ་བུ་འདེབས་མཁན་བུ་མོ”བདེ་སྐྱིད་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས“རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར”ལ་བདམས་པ་རེད།

སྙེ་མོ་རྫོང་གིས“གནས་གཏད་གནས”ཀྱི་ལས་བྱེད་པས་ཐོན་ལས་དམ་འཛིན་གྱི་ལས་དོན་སྤེལ་ཚུན། རྫོང་ཁོངས་ཀྱི་འབྲེལ་ཡོད་ཐོན་ལས་འཕེལ་རྒྱས་དང་ཞིང་འབྲོག་པར་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། གཞི་རིམ་ཏང་རྩ་འཛུགས་ཀྱིས་མཉམ་ལས་ཁང་འཕེལ་རྒྱས་ལ་ཁྲིད་སྟོན་བྱེད་པའི་ཐད་མཉམ་ལས་ཁང་གིས་ཐོན་ལས་རྣམ་གྲངས་གཉེར་སྐྱོང་དང་དོ་དམ་གྱི་འགན་འཁུར་བ་དང་། “གནས་གཏད་གནས”ཀྱི་ལས་བྱེད་པས་མང་ཚོགས་ལ་དཔེ་སྟོན་སྣེ་ཁྲིད་བྱས་ཏེ་ཞིང་འབྲོག་མང་ཚོགས་ཀྱིས་ས་ཞིང་དང་། ཁང་པ། ངལ་རྩོལ་ནུས་ཤུགས་སོགས་ལ་མཉམ་ལས་ཁང་གི་མ་རྐང་ནང་ཞུགས་པར་ཁྲིད་སྟོན་བྱེད་པ། ཐོན་ཁུངས་རྒྱུ་ནོར་ལ་སྒྱུར་བ་དང་། མ་དངུལ་མ་རྐང་ལ་སྒྱུར་བ། མང་ཚོགས་མ་དངུལ་འཇོག་མཁན་ལ་སྒྱུར་བ་བཅས་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཐོན་ལས་འཕེལ་རྒྱས་ནང་ཞུགས་པ་དང་གྲོང་གསེབ་དར་རྒྱས་གཏོང་བའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་འཕེལ་གང་ཐུབ་བྱས་པས“སྤོས་ཀྱི་ལུས་གསོའི་གྲོང་རྡལ་ཆུང་ངུ”དང་། “ཆུ་ཚན་སྤྲོ་གསེང་ཁུལ” “སྟར་ཁའི་གྲོང་ཚོ” “འབྲི་གཡག་གྲོང་ཚོ” “སྔོ་ཚལ་གྲོང་ཚོ” “སྐྱེ་ཁམས་གྲོང་ཚོ”སོགས་ཁྱད་ལྡན་ཐོན་ལས་ཀྱི་སྤུས་རྟགས་གྲོང་ཚོ་དང་གྲོང་རྡལ་འབོར་ཆེན་ཞིག་བཏོད་ཡོད།