ཕྲུ་གུས་དྲ་རྒྱའི་གཙོ་སྐྱོང་པར་བསྐུར་བའི་དངུལ་ཚང་མ་མི་དམངས་ཉེན་རྟོག་པས་འདེད་པ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-04-17

ཉེ་ཆར། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་གཞུང་པ་གྲོང་ཚོའི་ཨ་ཅག་ལི་ལགས(འགྱུར་མིང)ཀྱིས་མངའ་རིས་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་དར་ཆེན་མཐའ་མཚམས་མངགས་གཏོང་ཁང་དུ་གོས་དར་ཞིག་བསྐྱལ་ནས་ཕྲུ་གུས་གང་བྱུང་དུ་དངུལ་གཏོར་བ་དེ་དག་མི་དམངས་ཉེན་རྟོག་པས་ཚུར་ལེན་རོགས་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ཟླ་3ཚེས་9ཉིན་ཨ་ཅག་ལི་ལགས་ཀྱིས་ཕྲུ་གུ་གསུམ་ཁྲིད་དེ་དངངས་འཚབ་ཆེན་པོས་དར་ཆེན་མཐའ་མཚམས་མངགས་གཏོང་ཁང་དུ་ཉེས་དོན་སྙན་སེང་ཞུ་བར་ཡོང་ནས་རང་ཉིད་ཀྱི་དངུལ་ཁང་གཱ་ནང་གི་དངུལ་བརླག་འདུག་ཅེས་བཤད། རེ་ཞུ་འབྱོར་རྗེས་འདྲི་རྩད་བྱས་པ་བརྒྱུད་ལོ་12ལ་སླེབས་པའི་བུ་མོས་ཨ་མའི་ལྐོག་ཏུ་ཐད་གཏོང་ལས་སྟེགས་ཤིག་ཏུ་ལག་རྟགས་སྤྲད་པ་དང་གཙོ་སྐྱོང་པར་དངུལ་བསྐུར་ཡོད་པ་དང་མི་དམངས་ཉེན་རྟོག་པས་དངུལ་བསྐུར་བའི་ཟིན་ཐོ་ཞིབ་བཤེར་ནན་ཏན་བྱས་པ་བརྒྱུད་སྔ་རྗེས་སུ་ཁྱོན་སྒོར་7801བསྐུར་བ་ཤེས་རྟོགས་ཐུབ་པ་རེད། ཞིབ་དཔྱད་བྱས་རྗེས་ཨ་ཅག་ལི་ལགས་ཀྱི་བུ་མོས་ལག་ཁྱེར་ཁ་པར་གྱི་གཏོང་སྤྲོད་གསང་ཨང་ཤེས་ཏེ་དངུལ་བསྐུར་རྗེས་ཨ་མས་ཤེས་དོགས་ཀྱིས་དངུལ་ཁང་གཱ་ཡི་ལྷག་གྲངས་འགྱུར་བའི་ཆ་འཕྲིན་རྐང་བཙུགས་ནས་བསུབ་པས་ཨ་ཅག་ལི་ལགས་ཀྱིས་དུས་ཐོག་ཏུ་ཧ་གོ་མེད་པ་རེད།

མི་དམངས་ཉེན་རྟོག་པས་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱུང་རྗེས། འཕྲལ་མར་ལས་སྟེགས་ཀྱི་ལས་དོན་པ་དང་འབྲེལ་གཏུག་བྱས་ཏེ། མཐུན་སྦྱོར་ཐེངས་མང་བྱས་པ་བརྒྱུད་དངུལ་སློག་རྒྱུའི་རེ་ཞུའི་དཔྱད་གཞི་བྲིས་པ་དང་འབྲེལ་ཡོད་དཔང་འཛིན་བཏོན་མཐར། ཕྲུ་གུས་དྲ་རྒྱའི་གཙོ་སྐྱོང་པར་བསྐུར་བའི་དངུལ་སྒོར་7801ཚང་མ་ཨ་ཅག་ལི་ལགས་ཀྱི་ཐོ་ཁོངས་སུ་བསློགས་པ་རེད།