རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རང་ལྗོངས་ཀྱི་ཤེས་བྱའི་བདག་དབང་ལས་དོན་ལ་བརྟག་ཞིབ་གནང་བ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-04-25

ཚེས་23ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་ཀྱི་2024ལོའི་ཤེས་བྱའི་བདག་དབང་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་གཙོ་བོ་ལྷ་སར་དངོས་སུ་སྤེལ་འགོ་ཚུགས་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་འབྲེལ་ཡོད་ལས་དོན་ལ་ཞུགས་པ་དང་འབྲེལ་བརྟག་ཞིབ་ཀྱང་གནང་བ་རེད།

བརྟག་ཞིབ་ཚོགས་ཆུང་གིས་ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱིས་ཤེས་བྱའི་བདག་དབང་གསར་གཏོད་དང་། ཤེས་བྱའི་བདག་དབང་གིས་ཁེ་ལས་ལ་རོགས་སྐྱོར། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་སྐྱོར། སྤུས་རྟགས་ཀྱི་གསོན་ཤུགས་སྐུལ་སྤེལ་བཅས་བྱེད་པའི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། 2023ལོའི་ལོ་མཇུག་བར་ལྗོངས་ཡོངས་ཀྱི་གོ་ཆོད་པའི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ལྡན་ཚད་1207ཟིན་པ་དང་གོ་ཆོད་པའི་ཚོང་རྟགས་ཐོ་འགོད་བྱེད་ཚད་ཁྲི་6.1ཟིན་པ་དང་། ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་དང་ས་ཁམས་མཚོན་རྟགས་སུ་བརྩིས་ནས་སྤྱད་པའི་མཉམ་སྡེབ་ཚོང་རྟགས་དང་ར་སྤྲོད་ཚོང་རྟགས་187ཟིན་པ། ཁེ་བེད་བདག་ཐོབ་དང་ཚོང་རྟགས་གཏའ་འཇོག་དང་མ་དངུལ་བསྡུ་སྒྲིལ་ཐོ་འགོད་ལས་སྒོ་ས་གནས་དེ་གར་བསྒྲུབས་ཏེ་གཏའ་འཇོག་དང་མ་དངུལ་བསྡུ་སྒྲིལ་གྱི་དངུལ་གྲངས་སྒོར་ཁྲི་3500ཟིན་པ། བོད་ཀྱི་གསོ་བ་རིག་པའི་ཐོན་ལས་ཀྱི་ཁེ་བེད་བདག་ཐོབ་ཀྱི་གྲངས་གཞིའི་མཛོད་ཐོག་མ་བསྐྲུན་ཡོད་ཅེས་བསྟན་པ་རེད།

བརྟག་ཞིབ་ཚོགས་ཆུང་གིས་ཤེས་བྱའི་བདག་དབང་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད། ལྗོངས་ཡོངས་ཀྱི་ཁྲོམ་ར་ལྟ་འདོམས(ཤེས་བྱའི་བདག་དབང)མ་ལག་གིས་ཤེས་བྱའི་བདག་དབང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། ཤེས་བྱའི་བདག་དབང་གི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་དང་ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ་དང་། སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ཏེ། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས། ས་ཁམས་མཚོན་རྟགས་སོགས་ཁྱད་ལྡན་གྱི་ཤེས་བྱའི་བདག་དབང་སྐྱེད་སྲིང་དང་ཁེ་བེད་བདག་ཐོབ་གཞན་སྒྱུར་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ་དང་ཤེས་བྱའི་བདག་དབང་སྲུང་སྐྱོང་གི་ཕན་ནུས་ཆེ་རུ་ཧུར་ཐག་བཏང་ནས། ཤེས་བྱའི་བདག་དབང་གི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་ཧུར་ཐག་གཏོད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།