2024ལོའི“ཤེས་དཔལ་བོད་ལྗོངས”ཀྱི་དམངས་ཡོངས་ཀྱི་དཔེ་ཀློག་དང་གཞིས་རྩེ་གྲོང་ཁྱེར་གྱི“ཤེས་དཔལ་ཇོ་མོ་གླང་མའི”རིམ་སྤེལ་བྱེད་སྒོ་སྤེལ་འགོ་ཚུགས་པ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-04-25

ཚེས་23ཉིན་གྱི་སྔ་དྲོར། འཛམ་གླིང་དཔེ་ཀློག་ཉིན་མོ་ཐེངས་29པའི་སྐབས་སུ། རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས་གཙོ་གཉེར་བྱས་པའི་2024ལོའི“ཤེས་དཔལ་བོད་ལྗོངས”ཀྱི་དམངས་ཡོངས་ཀྱི་དཔེ་ཀློག་དང་གཞིས་རྩེ་གྲོང་ཁྱེར་གྱི“ཤེས་དཔལ་ཇོ་མོ་གླང་མའི”རིམ་སྤེལ་བྱེད་སྒོ་སྤེལ་འགོ་ཚུགས་པའི་མཛད་སྒོ་གཞིས་རྩེར་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཡིས་ཤིས་ཚིག་གསུངས་པ་དང་འབྲེལ་བྱེད་སྒོ་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་བསོད་ནམས་ཉི་མ་བྱེད་སྒོར་ཞུགས་པ་རེད།

ཝང་ཧའེ་ཀྲོའུ་ཡིས། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་གཅིག་འདོམས་སུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་རིག་གནས་ཀྱི་འགན་འཁྲི་གསར་པ་ཕྲག་ཐོག་ཏུ་ཏན་ཏིག་ཁུར་ནས་རིག་གནས་ཀྱི་གསོ་བཅུད་སྔར་བས་ཕུན་སུམ་ཚོགས་སུ་གཏོང་བ་དང་། རིག་གནས་ཀྱི་རྨང་གཞི་བརྟན་དུ་གཏོང་བ། ཤེས་དཔལ་བོད་ལྗོངས་སྐྲུན་པ་བཅས་བྱས་ཏེ་དམངས་ཡོངས་ཀྱི་དཔེ་ཀློག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། “དགོངས་པ་སློབ་སྦྱོང་དང་དགོངས་དོན་ལ་གོ་བ་ལེན་པར”བརྟེན་ནས་ཤེས་དཔལ་བོད་ལྗོངས་འཛུགས་སྐྲུན་གྱི་ཁ་ཕྱོགས་ལ་ཁྲིད་སྟོན་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཐོག་མཐའ་བར་གསུམ་དུ་གནས་བབ་ཨང་དང་པོར་བཞག་ནས་ཁྱིམ་ཚང་ཀུན་གྱིས་ཤེས་པ་དང་སེམས་ལ་གཏིང་ཟབ་ཟུག་པར་བྱེད་དགོས། དམངས་ཡོངས་ཀྱི་དཔེ་ཀློག་ལ་བརྟེན་ནས་ཤེས་དཔལ་བོད་ལྗོངས་ཀྱི་རང་མདངས་མངོན་པ་དང“ཤེས་དཔལ་ཇོ་མོ་གླང་མའི”སྤུས་རྟགས་ཡག་པོ་བཏོད་དེ་མི་རིགས་ཁག་གི་མང་ཚོགས་ལ་དཔེ་ཀློག་ལ་ཞུགས་པ་དང་། དཔེ་ཀློག་ལ་དགའ་ཞེན། དཔེ་ཀློག་ཁྱབ་གདལ་གཏོང་བ་བཅས་ཀྱི་ཁྲིད་སྟོན་བྱེད་དགོས། ཆ་འཕྲིན་ཅན་དང་གྲངས་འཛིན་ཅན་གྱི་བྱ་ཐབས་སྤྱད་དེ་དཔེ་ཀློག་གི་བར་མཐོངས་རྒྱ་ཆེར་གཏོང་མཁས་པོ་བྱས་ནས་རྒྱ་ཆེའི་ཀློག་པ་པོར་མཉམ་འགུལ་ཞུགས་པ་དང་། ཉམས་ལེན་གཏིང་ཟབ། དཔེ་ཀློག་མཉམ་སྤྱོད་བཅས་ཀྱི་དྲ་ཐོག་སྤེལ་རེས་ལས་སྟེགས་མཁོ་འདོན་བྱེད་དགོས། གནད་འཁེལ་ཅན་དང་། དམིགས་ཡུལ་ཅན། དབྱེ་བ་ཡོད་པ་བཅས་དམངས་ཡོངས་ཀྱི་དཔེ་ཀློག་ཁྱབ་གདལ་གཏོང་བའི་བྱ་ཐབས་ནུས་ལྡན་ལ་བརྩིས་ནས་བརྗོད་དོན་གཙོ་བོའི་དཔེ་ཀློག་ཉིན་མོའི་བྱེད་སྒོ་རྒྱ་ཁྱབ་སྤེལ་ཏེ་རྒྱ་ཆེའི་གཞོན་ནུ་ལོ་ཆུང་དང་བྱིས་པར་དཔེ་ཀློག་དང་སློབ་སྦྱོང་གི་གསོ་བཅུད་ཁྲོད་བདེ་ཐང་དང་སྤྲོ་སྣང་ངང་འཚར་ལོངས་ཡོང་བར་ཁྲིད་སྟོན་བྱེད་པར་མཐོང་ཆེན་བྱེད་དགོས་ཞེས་གསུངས་པ་རེད། ཁོང་གིས་སྤྱི་ཚོགས་ཡོངས་སུ་དཔེ་ཀློག་དང་སློབ་སྦྱོང་གི་ཚ་རླབས་འཕྱུར་བར་བྱས་ནས་དཔེ་ཀློག་མི་རྣམས་ཀྱི་གོམས་གཤིས་བཟང་པོར་འགྱུར་བ་དང་གངས་ལྗོངས་ས་མཐོར་ཤེས་དཔལ་ཁྱབ་པར་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད།

ད་དུང་འགོ་ཚུགས་མཛད་སྒོའི་ཐོག་བོད་ཀྱི“ཤེས་དཔལ་ཚན་པ”དང་། “ཞིང(འབྲོག)ཁྱིམ་དཔེ་ཁང་ཡག་ཤོས” “དཔེ་ཀློག་ཁྱབ་གདལ་གཏོང་མཁན་ཡག་ཤོས”བཅས་སྐབས་དང་པོའི་མཚན་སྙན་ཐོབ་པའི་འཐུས་མིར་བྱ་དགའ་དང་སྒོ་བྱང་སྤྲད་པ་རེད། ཀྲུང་གོ་དཔེ་སྐྲུན་མཐུན་ཚོགས་དང་། ཐའོ་ཧྥེན་ཐེབས་རྩ་ལྷན་ཚོགས། སྐུད་བཙེམས་དཔེ་དེབ་ཅུས་ཚད་ཡོད་ཀུང་སི། ཧྲང་ཧའེ་དབྱིང་ཅའོ་དྲ་རྒྱ་ཚན་རྩལ་ཚད་ཡོད་ཀུང་སི་བཅས་ཀྱིས་རང་ལྗོངས་ལ་དཔེ་དེབ་ཞལ་འདེབས་བརྒྱབ་པ་རེད།