ཁྲེན་ཡུང་ཆིས་ཨུ་རུ་སུའི་པུའུ་ལི་ཡ་ཐེ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དཔོན་ཆི་ཅེ་ནུའོ་ཧྥུའུ་བཅས་པ་དང་མཇལ་འཛོམས་གནང་བ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-04-27

ཟླ་4ཚེས་23ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་ལྷ་སར་ཨུ་རུ་སུའི་པུའུ་ལི་ཡ་ཐེ་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་དཔོན་ཆི་ཅེ་ནུའོ་ཧྥུའུ་བཅས་པ་དང་མཇལ་འཛོམས་གནང་བ་རེད།

ཁྲེན་ཡུང་ཆིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་བཅས་ཀྱི་ཚབ་ཞུས་ནས་ཆི་ཅེ་ནུའོ་ཧྥུའུ་དང་བཅས་པ་བོད་དུ་འཚམས་འདྲིར་ཕེབས་པར་ལྷག་བསམ་ཟོལ་མེད་ཀྱི་དགའ་བསུ་ཞུས་པ་དང་འབྲེལ། ཉེ་བའི་ལོ་ཤས་རིང་གི་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་ཀྱང་གནང་བ་རེད། ཁོང་གིས་འཐུས་མི་ཚོགས་པས་བོད་དུ་མང་ཙམ་ཕེབས་པ་དང་མང་ཙམ་གཟིགས་ནས་མཛེས་སྡུག་དང་། དར་རྒྱས། སྒོ་དབྱེ། ཡར་རྒྱས་བཅས་ཀྱི་བོད་འདི་ཉིད་ཕྱོགས་ཡོངས་དང་། དངོས་ཡོད། ཇི་མ་ཇི་བཞིན་བཅས་ཀྱི་སྒོ་ནས་ཨུ་རུ་སུའི་རྒྱལ་ནང་གི་དམངས་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་ངོ་སྤྲོད་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

ཁྲེན་ཡུང་ཆིས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་ཐུག་འཕྲད་ཐེངས་མང་གནང་ནས་ཀྲུང་གོ་དང་ཨུ་རུ་སུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་གཏིང་ཟབ་འགྲོ་རྒྱུར་ཐུན་མོང་ཐོག་སྣེ་ཁྲིད་གནང་སྟེ། ང་ཚོར་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཀྲུང་གོའི་བོད་ལྗོངས་ཀྱིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་ཧུར་ཐག་བྱས་ཏེ། མཛའ་གྲོགས་ལྡན་པའི་ཨུ་རུ་སུའི་གྲོགས་པོ་བོད་དུ་ལྟ་སྐོར་དང་འཚམས་འདྲིར་ཡོང་ནས། བོད་མི་དམངས་ཀྱི་སྤྲོ་སེམས་དང་བབ་ཆགས་དང“འཛམ་གླིང་ཡང་རྩེའི”ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་དང་འོད་སྟོང་འཕྲོ་བའི་བོད་ཀྱི་རིག་གནས་དངོས་སུ་མྱོང་རོལ་བྱ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོའི་རང་སྐྱོང་ལྗོངས་ཤིག་ཡིན་པའི་བོད་ལྗོངས་ཀྱིས་ཨུ་རུ་སུའི་པུའུ་ལི་ཡ་ཐེ་སྤྱི་མཐུན་རྒྱལ་ཁབ་དང་དཔལ་འབྱོར་ཚོང་དོན་དང་། རིག་གནས། ཡུལ་སྐོར། སྲོལ་རྒྱུན་གསོ་རིག མཛའ་གྲོགས་གྲོང་ཁྱེར་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་གྲོས་བསྡུར་ཧུར་ཐག་བྱས་ཏེ། ས་གནས་གཉིས་དབར་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་ཀྲུང་ཨུའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་གསུངས་པ་རེད།

ཆི་ཅེ་ནུའོ་ཧྥུའུ་ཡིས་ཀྲུང་གོ་སྲིད་གཞུང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཚད་མཐོའི་དོ་ཁུར་དང་བོད་མི་དམངས་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་བྱེད་ཀྱི་འདུག ད་ཐེངས་ཀྱི་འཚམས་འདྲི་ལས་ང་ཚོས་ཀྱང་བོད་ཀྱི་བརྗིད་ཉམས་ལྡན་པའི་རི་བོ་དང་། དྭངས་ཞིང་གཙང་བའི་ཆུ་མོ། མཛའ་གྲོགས་འཆམ་མཐུན་གྱི་མི་བཅས་དངོས་སུ་མྱོང་ཚོར་ཐུབ་བྱུང་ལ། ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས་སོགས་ཐད་བོད་ལ་ཐོབ་པའི་གྲུབ་འབྲས་དངོས་སུ་ཡང་མཐོང་བྱུང་བས་ང་ཚོར་བག་ཆགས་ཟབ་མོ་བཞག་བྱུང་། ཨུ་རུ་སུའི་པུའུ་ལི་ཡ་ཐེ་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཀྲུང་གོའི་བོད་ལྗོངས་དང་སྤེལ་རེས་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བ་བྱེད་ཀྱི་ཡིན་ཞེས་གསུངས་པ་རེད།