“ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་གླེང་སྟེགས”སྐབས་དང་པོ་ཝུའུ་ཧན་དུ་འགོ་ཚུགས་པ། ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   | 2024-04-27

ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་ཟླ4ཚེས24ཉིན་གློག་འཕྲིན་འབྱོར་གསལ། ཚེས24ཉིན“ཀྲུང་གོ་དང་ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་གླེང་སྟེགས”སྐབས་དང་པོ་ཧོ་པེའི་ཝུའུ་ཧན་དུ་འགོ་ཚུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུའུ་ལི་གཞོན་པ་ཀྲང་གོ་ཆིང་འགོ་ཚུགས་མཛད་སྒོར་ཕེབས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་འབྲེལ་ཤིས་ཚིག་ཀྱང་བསྒྲོན་པ་རེད།

ཀྲང་གོ་ཆིང་གིས། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་ནང་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འབྲེལ་བའི་འཕེལ་རྒྱས་དང་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ཁྱབ་ཁོངས་ཁག་གི་མཛའ་གྲོགས་མཉམ་ལས་ལ་སྐུལ་འདེད་གཏོང་བར་ཚད་མཐོའི་བསྔགས་བརྗོད་གནང་བ་དང་། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་ལ་འཕེལ་རིམ་གསར་པ་ཐོན་པ་དང་ནུས་པ་བཏོན་པར་གདེང་འཇོག་གང་ལེགས་གནང་བ། ཆུ་ཚད་མཐོ་བའི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་པར་ཐུགས་རེ་ཟབ་མོ་གནང་ནས། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་ཟབ་ཏུ་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་གནང་ཡོད་ཅེས་གསུངས་པ་དང་། ཁོང་གིས། ཀྲུང་གོ་ཕྱོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་དང་མཉམ་དུ་སྐབས་དང་པོའི་ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་གླེང་སྟེགས་འགོ་འཛུགས་སར་བྱས་ཏེ་ཐུན་མོང་ཐོག་བར་སྣང་ཁམས་ཀྱི་ཞི་བདེ་འཕེལ་རྒྱས་རྒྱུན་འཁྱོངས་དང་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་ཀྱི་འཕེལ་རྒྱས་འཐབ་ཇུས་ཀྱི་འབྲེལ་མཐུད་ལ་སྔར་བས་ཤུགས་སྣོན་དང་། ཚན་རྩལ་གསར་གཏོད་མཉམ་ལས་གཏིང་ཟབ། ཉེར་སྤྱོད་རྣམ་པ་དེ་བས་མང་བ་གསར་སྤེལ། ཐོན་ལས་གསབ་རེས་དང་ཕན་ཚུན་སྐུལ་འདེད། ཕྱོགས་གཉིས་པོའི་ཤེས་ལྡན་མི་སྣའི་དབར་སྤེལ་རེས་དམ་ཟབ་བཅས་བྱས་ཏེ། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་འཇིག་རྟེན་འཕུར་སྐྱོད་མཉམ་ལས་རྒྱུན་ཆད་མེད་པར་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་པོའི་མི་དམངས་ལ་ཕན་པ་དེ་བས་ཆེ་བ་ཐོབ་པ། ཀྲུང་གོ་དང་ལ་ཏིང་མེ་གླིང་གི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།

ཧོང་ཏུ་ར་སིའི་ཚན་རྩལ་གསར་གཏོད་པུའི་པུའུ་ཀྲང་གཱ་སི་ཐེ་ལུའེ་ཡིས། ཧོང་ཏུ་ར་སིའི་ཙུང་ཐུང་གཱ་སི་ཐེ་ལུའེ་ཡི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་དང་། ཝེ་ནེ་ཙུའེ་ལའི་པུའུ་ཀྲང་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཚན་རྩལ་པུའི་པུའུ་ཀྲང་ཤིས་མོན་ཉི་སི་ཡིས་ཝེ་ནེ་ཙུའེ་ལའི་ཙུང་ཐུང་མཱ་ཏུའུ་ལུའོ་ཡི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད།

ཀྲུང་གོ་དང་། ལ་ཏིང་མེ་གླིང་དང་ཅ་ལེ་པི་རྒྱལ་ཁབ་ཀྱི་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་། མཐོ་སློབ། ཚན་ཞིབ་ཁང་དང་སུའོ། ཁེ་ལས་སོགས་ཚན་པའི་འཐུས་མི་དང་དེ་བཞིན་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།