2023ལོར་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཁྲི་92.1ལ་དབང་ཆ་སྤྲད་པ། རང་རྒྱལ་གྱི་ཤེས་བྱའི་བདག་དབང་ལ་སྲུང་སྐྱོང་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བ། ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   | 2024-04-27

ཟླ་4ཚེས་24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། 2023ལོའི་ཀྲུང་གོའི་ཤེས་བྱའི་བདག་དབང་གི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་གྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་ཅུས་ཀྲང་ཧྲེན་ཁྲང་ཡུས་ཀྱིས། 2023ལོར་ཤེས་བྱའི་བདག་དབང་གི་འབྲེལ་ཡོད་སྡེ་ཚན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཤེས་བྱའི་བདག་དབང་གི་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད་ཅེས་བརྗོད།

2023ལོར་རང་རྒྱལ་གྱི་ཤེས་བྱའི་བདག་དབང་གི་གསར་གཏོད་གྲངས་འབོར་དང་སྤུས་ཚད་མཐོ་རུ་བཏང་ཞིང་། ལོ་ཧྲིལ་པོར་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཁྲི་92.1ལ་དབང་ཆ་སྤྲད་པ་དེ་དུས་མཚུངས་ལས་15.3%འཕར་ཡོད། ཐོ་འགོད་ཚོང་རྟགས་ཁྲི་438.3ལ་ཞིབ་མཆན་བཀོད་པ་དང་། ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་ཁག་13ངོས་འཛིན་གཏན་འཁེལ་བྱས་པ། ས་ཁམས་མཚོན་རྟགས་ཐོག་ནས་ཐུན་མོང་གི་ཚོང་རྟགས་དང་ར་སྤྲོད་ཚོང་རྟགས་ཁག་201ཐོ་འགོད་བྱས་པར་ཞིབ་མཆན་བཀོད་ཡོད། འདུས་གྲུབ་གློག་ལམ་གྱི་པར་རིས་ཇུས་འགོད་ཁྲི་1.1ཐོ་བཀོད་པ་དང་། བརྩམས་ཆོས་དང་རྩིས་འཁོར་མཉེན་ཆས་ཀྱི་རྩོམ་དབང་ཐོ་འགོད་བྱེད་ཚད་ཁྲི་642.8དང་ཁྲི་249.5སོ་སོར་ཟིན་པ་དེ་དུས་མཚུངས་ལས་42.3%དང་36.0%སོ་སོར་འཕར་ཡོད་པ་རེད། ཞིང་ལས་རྩི་ཤིང་གི་སྣ་ཁ་གསར་པ་8385དང་ནགས་རྩྭ་རྩི་ཤིང་སྣ་ཁ་གསར་པ་915ལ་དབང་ཆ་སྤྲད་ཡོད། འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས་ཁྱབ་བསྒྲགས་བྱས་པའི《2023ལོའི་གོ་ལ་ཧྲིལ་པོའི་གསར་གཏོད་སྟོན་གྲངས་སྙན་ཞུའི》ནང་། རང་རྒྱལ་ལ་ཡོད་པའི་གོ་ལ་ཧྲིལ་པོའི་ཚན་རྩལ་ཁྱུ་ཚོགས་སྟོབས་ཆེན་བརྒྱ་ཡི་གྲངས་འབོར་24ཟིན་ནས་གོ་ལ་ཧྲིལ་པོའི་ཨང་དང་པོར་སླེབས་ཡོད།

ཤེས་བྱའི་བདག་དབང་གཞན་འགྱུར་བེད་སྤྱོད་ལ་སྐུལ་འདེད་མགྱོགས་པོ་བཏང་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《ཁེ་བེད་བདག་ཐོབ་གཞན་འགྱུར་བེད་སྤྱོད་ཀྱི་ཆེད་དོན་བྱ་སྤྱོད་ཇུས་གཞི(2023ལོ་ནས་2025ལོ་བར)》བཀྲམ་ནས། ཁེ་བེད་བདག་ཐོབ་གཞན་འགྱུར་དང་ཐོན་ལས་ཅན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། རང་རྒྱལ་གྱི་ཁེ་ལས་ཀྱི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་ཐོན་ལས་ཅན་ལ་འགྱུར་ཚད་50%ལས་ཐེངས་དང་པོར་བརྒལ་ནས་ལོ་5བསྟུད་མར་རྒྱུན་མཐུད་འཕར་ཡོད།

ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ནས་ཁག་དང་པོའི་རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་སྲུང་སྐྱོང་དཔེ་སྟོན་ཁུལ་10བསྐྲུན་པར་གྲུབ་འབྲས་རག་ཙམ་ཐོབ་པ་དང་ཁག་གཉིས་པའི་15གདམ་གསེས་བྱས་ཟིན་ཡོད། རྒྱལ་ཁབ་རིམ་པའི་ཤེས་བྱའི་བདག་དབང་སྲུང་སྐྱོང་ལྟེ་གནས་དང་མགྱོགས་མྱུར་ཁེ་དབང་སྲུང་སྐྱོང་ལྟེ་གནས་བསྡོམས་འབོར་112ཟིན་ཡོད། ལོ་ཧྲིལ་པོར་ཁེ་བེད་བདག་ཐོབ་ཚོང་རྟགས་ཀྱི་ཁྲིམས་འགལ་གྱོད་གཞི་ཁྲི་4.4ཞིབ་གཅོད་བྱས་པ་དང་། ཁེ་བེད་བདག་ཐོབ་ཀྱི་ཁེ་དབང་ལ་བཙན་གནོད་བྱས་པའི་རྩོད་གཞིའི་སྲིད་འཛིན་གྱོད་གཞི་ཁྲི་6.8བསྒྲུབས་པ། པར་དབང་ལ་བཙན་གནོད་དང་པར་དབང་རྐུ་སྤྱོད་ཀྱི་གྱོད་གཞི་4745ཞིབ་གཅོད་བྱས་ཡོད། ཕྱིར་གཏོང་ནང་འདྲེན་གྱི་ཁེ་དབང་ལ་བཙན་གནོད་ཀྱི་དོགས་གཞི་ཡོད་པའི་དངོས་ཟོག་ཁག་ཐེངས་ཁྲི་6.2ཞིབ་བཤེར་བཀག་ཉར་བྱས་པ་དང་ཤེས་བྱའི་བདག་དབང་འགག་སྒོའི་སྲུང་སྐྱོང་ཐོ་འགོད་སྙན་སེང་ཁྲི་1.9ལ་ཞིབ་མཆན་བཀོད་ཡོད། ཤེས་བྱའི་བདག་དབང་གི་གྱོད་གཞི་ཁག་ཁྲི་49ཞིབ་གཅོད་མཇུག་སྒྲིལ་བ། ཤེས་བྱའི་བདག་དབང་ལ་བཙན་གནོད་ཀྱི་ཉེས་གསོག་པ་ཁྲི་3.1བདག་སྤྲོད་དང་། ཞིབ་བཤེར། ཁྲིམས་སྦྱོར་བཅས་བྱས་པ་དང་། ཤེས་བྱའི་བདག་དབང་གི་དམངས་དོན་སྲིད་འཛིན་གཏུག་བཤེར་གྱི་ལྟ་སྐུལ་གྱོད་གཞི་ཁག་2500ལྷག་ཙམ་བསྒྲུབས་ཡོད། ཤེས་བྱའི་བདག་དབང་ལ་བཙན་གནོད་དང་ཚོང་ཟོག་རྫུན་མ་དང་སྤུས་ཞན་བཟོ་འཚོང་གི་ཉེས་གསོག་གྱོད་གཞི་ཁྲི་4མྱུལ་ཞིབ་ཐག་གཅོད་བྱས་ཡོད། ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་སྤྱི་ཚོགས་ཀྱི་བློ་ཡིད་ཚིམ་ཚད་སྐར་མ་82.04བར་མཐོ་རུ་ཕྱིན་ནས་ཟིན་ཐོ་གསར་པ་བཏོད་ཡོད།

ཤེས་བྱའི་བདག་དབང་སྲུང་སྐྱོང་མ་ལག་གི་འཛུགས་སྐྲུན་ལས་གྲྭའི་ལག་བསྟར་ཇུས་གཞི་མགྱོགས་མྱུར་བཟོས་ནས་བཏོན་ཞིང་། ཧྲེན་ཁྲང་ཡུས་ཀྱིས། འདི་ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་ཤེས་བྱའི་བདག་དབང་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཚན་རྩལ་གྱི་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་བཟོ་དགོས་ཞེས་ཆེད་མངགས་བཏོན་ཡོད། རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱིས་པུའུ་ཨུད་8དང་མཉམ་དུ་ཤེས་བྱའི་བདག་དབང་སྲུང་སྐྱོང་མ་ལག་འཐུས་སྒོ་ཚང་དུ་བཏང་ནས། ཤེས་བྱའི་བདག་དབང་སྲུང་སྐྱོང་མ་ལག་གི་འཛུགས་སྐྲུན་ལས་གྲྭའི་ལག་བསྟར་ཇུས་གཞི་མགྱོགས་མྱུར་བཟོས་ནས་འདོན་བཞིན་ཡོད་པ་དེ་ནི་འདི་ལོའི་ཤེས་བྱའི་བདག་དབང་སྲུང་སྐྱོང་ཐད་ཀྱི་གཙོ་གནད་ལས་དོན་ཞིག་རེད། མིག་སྔར། ཇུས་གཞི་དེར་སྡེ་ཚན་ཁག་གིས་མཉམ་དུ་མིང་རྟགས་བཀོད་ནས་ཉེ་ཆར་ཁྱབ་བསྒྲགས་དང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།