དམག་འཁྲུག་ཁྲོད་དཔེ་དེབ་ཀྱི་དྲི་བསུང་འཐུལ་བར་བྱེད། སི་རི་ཡ་བའི་དཔེ་ཀློག་གི་གཏམ་རྒྱུད། ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   | 2024-04-27

འདི་ནི་ཟླ་4ཚེས་20ཉིན་སི་རི་ཡའི་ཏ་མ་སི་ཁུར་ལོ་80ལ་སླེབས་པའི་ཅཱ་ཁཱ་སིས་ལོ་60ཙམ་གཉེར་སྐྱོང་བྱས་པའི་དེབ་ཁང་དུ་དཔེ་དེབ་སྒྲིག་བཞིན་པ།

2011ལོར་སི་རི་ཡའི་ནང་འཁྲུག་ལངས་ནས་དཔེ་མཛོད་ཁང་དང་། དཔེ་སྐྲུན་ཁང་། དེབ་ཁང་བཅས་མང་པོ་ཞིག་གཏོར་བརླག་སོང་ཡོད།

ཁྲིམས་རྩོད་པ་ཨཱ་ལཱ·སའེ་དབྱི་ཏེ་ནི་སི་རི་ཡའི་བྱང་རྒྱུད་གྲོང་ཁྱེར་ཨ་ལེ་ཕོར་སྡོད་པ་དང་ལོ་རྒྱུས་ལ་དགའ་པོ་ཡོད་མཁན་ཞིག་རེད། ཨ་ལེ་ཕོར་དམག་འཁྲུག་ལངས་རྗེས་དཔེ་དེབ་མང་པོ་ཞིག་མེས་འཚིག སའེ་དབྱི་ཏེས་སེམས་སྡུག་ཚད་མེད་བྱེད་བཞིན་དུ་དམངས་ཚོགས་ཀྱི་ཁྲོད་ནས་དེབ་རྙིང་པ་དང་། དུས་དེབ་རྙིང་པ། འདྲ་པར་རྙིང་པ། སྒྲ་ཕབ་རྙིང་པ་སོགས་བསྡུ་འགོ་ཚུགས། 2015ལོར་སའེ་དབྱི་ཏེས“ཨ་ལེ་ཕོའི་རྒྱལ་ཁབ་ཡིག་ཚགས”ཞེས་པའི་གྲོས་འགོ་བཏོན་པ་དང་2018ལོར་ཁོང་གིས་འཚོལ་བསྡུ་བྱས་པའི་དངོས་རྫས་རྙིང་པ་དེ་དག་གྲངས་འཛིན་ཅན་དུ་འགྱུར་བ་དང་འབྲེལ་དྲ་རྒྱའི་ཐོག་བསྐུར་ནས་དམག་འཁྲུག་གི་གཏོར་སྐྱོན་ཕོག་པའི་གྲོང་ཁྱེར་དེར་རྩ་ཆེའི་དྲན་ཤེས་ཤིག་འཇོག་ཐུབ་རེ་བྱས།

ད་ཕན་ལོ་ཤས་རིང་སི་རི་ཡ་སྲིད་གཞུང་གིས་དཔེ་དེབ་འགྲེམས་སྟོན་དང་རིན་གོང་ཁེ་པོས་ཁྲོམ་རར་དཔེ་དེབ་འབོར་ཆེན་ཞིག་མཁོ་འདོན་བྱེད་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ་དཔེ་དེབ་ལས་རིགས་ལ་རྒྱབ་སྐྱོར་བྱས་པ་དང་དཔེ་སྐྲུན་ཁང་དང་། དེབ་ཁང་། དཔེ་དེབ་ལ་དགའ་པོ་ཡོད་མཁན་ཁ་ཤས་བཅས་ཀྱིས་ཐབས་ལམ་སྣ་ཚོགས་བརྒྱུད་ཀློག་པ་པོར་དཔེ་ཀློག་གི་ཐབས་ལམ་མཁོ་འདོན་བྱས་ཏེ་དམག་འཁྲུག་ཁྲོད་དཔེ་དེབ་ཀྱི་དྲི་བསུང་འཐུལ་བར་བྱས།

ཏ་མ་སི་ཁུ་གྲོང་དཀྱིལ་དུ་གནས་པའི་ཐོག་དཔངས་དམའ་བའི་ཁང་པ་རྙིང་ཧྲུལ་ཞིག་ཏུ་ལོ་80ལ་སླེབས་པའི་སྦྱིན་བདག་པ་ཤིར·ཅཱ་ཁཱ་སིས་རི་བོ་གཏོས་ལྟར་མཉམ་པའི་དཔེ་དེབ་ཁྲོད་ལངས་ཏེ་གསར་འགོད་པར་དཔེ་སྒྲོམ་ཐོག་གི་དཔེ་དེབ་སྣ་ཚོགས་རང་ཉིད་ཀྱི་གཅེས་ཕྲུག་ལྟར་ངོ་སྤྲད་བྱས།

ཅཱ་ཁཱ་སིས་ད་ཆ་དཔེ་དེབ་ཉོ་མཁན་དང་དཔེ་དེབ་ཀློག་མཁན་གཙོ་བོ་ལོ་20ལྷག་ཙམ་ལ་སླེབས་པའི་བུ་མོ་ཡིན་པ་དང་བརྩམས་སྒྲུང་ལྟ་རྒྱུར་དེ་བས་དགའ་པོ་བྱེད་ཀྱི་འདུག ཏི་ཀེང་སི་དང་། ཡུས་ཀོ ཐུའོ་སི་ཐུའོ་ཡེ་ཕུའུ་སི་ཅི་བཅས་ཀྱི་བརྩམས་ཆོས་ཕུད་མྱུལ་ཞིབ་བརྩམས་སྒྲུང་དང་འཇིགས་དངངས་བརྩམས་སྒྲུང་ལ་དགའ་ཤོས་བྱེད་ཀྱི་འདུག དམག་འཁྲུག་དང་དཔལ་འབྱོར་ཉམས་ཉེན་ལས་མི་ཚོའི་དཔེ་ཀློག་གི་དགའ་ཕྱོགས་ལ་ཤུགས་རྐྱེན་ཐེབས་པ་དང“ཀློག་པ་པོས་ཡ་ང་བའི་དངོས་ཡོད་ཀྱི་འཚོ་བ་ལས་གཡོལ་ནས་བརྩམས་སྒྲུང་ལས་མཚོན་པའི་སྒྱུ་མའི་འཇིག་རྟེན་དུ་རོལ་བའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད།

དམག་འཁྲུག་ལངས་རྗེས་ཅཱ་ཁཱ་སིའི་དེབ་ཁང་ལ་སྔོན་ཆད་ལྟར་ཚོང་མེད་པ་དང་། ཡོ་ལང་ཁྲོད་ཏ་མ་སི་ཁུའི་ལྷོ་འདབས་སུ་ཡོད་པའི་ཁོང་གི་དཔེ་དེབ་ཀྱི་མཛོད་ཁང་ཡང་གཏོར་བརླག་སོང་ནས་དེབ་མང་པོ་ཞིག་ཐལ་བར་གྱུར། ཅཱ་ཁཱ་སིས་དེབ་ཁང་གཞན་ཞིག་བོགས་མར་བཏང་ནས་གྲོང་ཁྱེར་ཉེ་འདབས་ཀྱི་མཛོད་ཁང་དེ་དེབ་ཁང་དུ་སྒྱུར་བཀོད་བྱས་ཏེ་སིལ་ཚོང་དང་སྡེབ་ཚོང་བྱས་པས་གཏོང་སྒོ་ཁ་འཕྱིད་ཙམ་བྱུང་ཡོད་པ་རེད།

མི་ཚེ་ཕྱེད་ཀ་ལྷག་ཙམ་དཔེ་དེབ་ཀློག་པ་དང་ཚོང་པ་ལས་དཔེ་དེབ་དེ་ཅཱ་ཁཱ་སིའི་མི་ཚེའི་ཆ་ཤས་ཤིག་ཏུ་གྱུར་ཡོད། “དཔེ་དེབ་ནི་ངའི་ཚེ་སྲོག་ཡིན”ཞེས་ཅཱ་ཁཱ་སིས་བཤད།

དབྱར་འགོའི་ཏ་མ་སི་ཁུར་གནམ་གཤིས་རིམ་བཞིན་ཚ་གདུག་ཆེ་རུ་འགྲོ་ཞིང་། ཅཱ་ཁཱ་སིའི་དེབ་ཁང་གི་སྒོ་འགྲམ་དུ་ཁོང་གི་ཚ་བོ་པཱ་ཤིར་གྱིས་ལམ་འགྲམ་དུ་དེབ་འཚོང་འགོ་ཚུགས། ལོ་20ལྷག་ཙམ་ལ་སླེབས་པའི་གཞོན་ནུ་དེས་དམག་འཁྲུག་ཁྲོད་དཔེ་དེབ་ཀྱི་དྲི་བསུང་མུ་མཐུད་འཐུལ་བར་བྱ་རྒྱུའི་གྲ་སྒྲིག་བྱས་ཟིན།