ཕྱི་འབྲེལ་པུས་བསྟན་དོན། ཀྲུང་གོའི“ཐོན་ནུས་ཆེ་དྲགས་པ”སྨྲ་བ་ཟེར་བ་ནི་སྲུང་སྐྱོང་རིང་ལུགས་ལ་ཁ་གཡར་ས་མཁོ་འདོན་བྱས་པ་ཞིག་རེད། ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    | 2024-04-30

 ཉེ་དུས། ནུབ་ཕྱོགས་རྒྱལ་ཁབ་འགའ་ཞིག་གིས་ཀྲུང་གོའི“ཐོན་ནུས་ཆེ་དྲགས་པ”ཞེས་པར་སྐྱོན་འཛུགས་ཡང་ཡང་བྱས་པར་དམིགས་ཏེ། ཚེས་24ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་དབང་ཝུན་པིན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་འུད་སྒྲོག་དེ་རིགས་ལ་གནས་ལུགས་གང་ཡང་མེད་པས་ཀྲུང་གོ་ཕྱོགས་ཀྱིས་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན། ཀྲུང་གོའི“ཐོན་ནུས་ཆེ་དྲགས་པ”སྨྲ་བ་ཟེར་བ་ནི་སྲུང་སྐྱོང་རིང་ལུགས་ལ་ཁ་གཡར་ས་མཁོ་འདོན་བྱས་པ་ཞིག་རེད་ཅེས་བརྗོད།

དབང་ཝུན་པིན་གྱིས། ཀྲུང་གོའི་ནུས་རྒྱུ་གསར་པའི་ཐོན་ལས་ཀྱི་ཐོན་ནུས་ནི་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཕྲལ་དུ་མཁོ་བའི་སྔོན་ཐོན་གྱི་ཐོན་ནུས་ཡིན་པ་ལས་ཐོན་ནུས་ཆེ་དྲགས་པ་ཞིག་མིན། ཀྲུང་གོའི་ལྗང་མདོག་ལག་རྩལ་དང་ལྗང་མདོག་ཐོན་རྫས་དང་། ལྷག་པར་དུ་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་ཕྱིན་པ་དེ་རྒྱལ་ཁབ་ཁག་གི་ནུས་རྒྱུའི་ཉམས་ཉེན་ཞི་ལྷོད་དུ་གཏོང་བ་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་དགོས་མཁོ་དང་མཐུན་ཡོད་པས་གོ་ལ་ཧྲིལ་པོའི་ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་ལ་ལེགས་སྐྱེས་གལ་ཆེན་འབུལ་རྒྱུ་རེད་ཅེས་བརྗོད།

ཁོང་གིས། ཀྲུང་གོའི་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་མགྱོགས་མྱུར་ཕྱིན་པ་དེ་དཔལ་འབྱོར་གྱི་ཆོས་ཉིད་དང་ཁྲོམ་རའི་རྩ་དོན་དང་མཐུན་པ་ལས་ཁ་གསབ་ཀྱི་འབྲས་བུ་ཞིག་མིན། ཀྲུང་གོའི་ནུས་རྒྱུ་གསར་པའི་ཐོན་རྫས་ལ་འགྲན་རྩོད་ཀྱི་ནུས་པ་ཅུང་ཆེན་པོ་ལྡན་དོན་ནི་གཙོ་བོ་འབྲེལ་ཡོད་ཐོན་ལས་བཀོད་སྒྲིག་སྔ་ཙམ་བྱུང་བས་ཡིན། ཡུན་རིང་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་བཏང་བ་བརྒྱུད་སྔོན་ཐོན་གྱི་ལག་རྩལ་ལེགས་ཆ་ཆགས་པ་དང་དུས་མཚུངས་ཧ་ཅང་ཆེ་བའི་རྒྱལ་ནང་གི་ཐོན་ལས་ལེ་ལག་ཚང་བའི་ནུས་པ་དང་། གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་ར། ཕུན་སུམ་ཚོགས་པའི་མི་ཤུགས་ཐོན་ཁུངས་སོགས་ལ་བརྟེན་ནས་ཕྱོགས་བསྡུས་རང་བཞིན་གྱི་འགྲན་རྩོད་ལེགས་ཆ་ཆགས་ཡོད་ཅེས་བརྗོད།

དབང་ཝུན་པིན་གྱིས། ཀྲུང་གོའི་ནུས་རྒྱུ་གསར་པའི་ཐོན་ལས་ལ“ཐོན་ནུས་ཆེ་དྲགས་པའི”ཞྭ་མོ་གཡོགས་པ་དེ་ནི་སྲུང་སྐྱོང་རིང་ལུགས་ཀྱི་མཚོན་ཚུལ་ཞིག་རེད། ཀྲུང་གོའི་གློག་སྒུལ་རླངས་འཁོར་ཕྱིར་གཏོང་བྱེད་ཚད་ཀྱིས་ཐོན་ཚད་བསྡོམས་འབོར་གྱི་བསྡུར་ཚད་བཟུང་ཚད་འཇར་མན་དང་། རི་པིན། ཧན་གོ་སོགས་རླངས་འཁོར་ཐོན་སྐྱེད་རྒྱལ་ཁབ་གཙོ་བོ་ལས་དམའ་བ་ཡོད་ལ་ཕྱིར་གཏོང་གི་རིན་གོང་ཡང་ཁྲོམ་རའི་ཆོས་ཉིད་དང་མཐུན་ཡོད་པས་ཕམ་ཚོང་གི་གནད་དོན་གཏན་ནས་མེད་ཅེས་བརྗོད།

ཁོང་གིས། ཀྲུང་གོའི“ཐོན་ནུས་ཆེ་དྲགས་པ”སྨྲ་བ་ཟེར་བ་ནི་སྲུང་སྐྱོང་རིང་ལུགས་ལ་ཁ་གཡར་ས་མཁོ་འདོན་བྱས་ནས་ཀྲུང་གོའི་གློག་སྒུལ་རླངས་འཁོར་སོགས་ནུས་རྒྱུ་གསར་པའི་ཐོན་རྫས་ཕྱིར་གཏོང་ལ་ཚོད་འཛིན་བྱེད་པ་ཡིན་པས། ཕྱོགས་མང་ཕམ་པའི་རྣམ་པ་ཐོན་རྒྱུ་ལས་མ་འདས་ཞེས་བརྗོད་པ་རེད།