དུས་རབས་གསར་པའི་ངལ་རྩོལ་བའི་གཟི་བརྗིད་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས། —— “ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་སྐབས་སུ་བྲིས། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-05-02

ངལ་རྩོལ་ལ་བསྔགས་བརྗོད་དང་ངལ་རྩོལ་བའི་གུས་འདུད་ཞུ་བའི“ལྔ་གཅིག”གི་ཉིན་འདིར། ང་ཚོས་ལྗོངས་ཡོངས་ཀྱི་འཐབ་ཕྱོགས་ཁག་ཏུ་འབད་འཐབ་བྱེད་བཞིན་པའི་སྔོན་ཐོན་མཉམ་སྡེབ་དང་དཔེ་བཟང་བར་བླ་ན་མེད་པའི་གུས་འདུད་ཞུ་རྒྱུ་དང་ཆབས་ཅིག ལྗོངས་ཡོངས་ཀྱི་རྒྱ་ཆེའི་ངལ་རྩོལ་བར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུ་རྒྱུ་ཡིན།

“སྤྱི་ཚོགས་རིང་ལུགས་ནི་དོན་གཉེར་བྱས་པ་ལས་བྱུང་བ་དང་དུས་རབས་གསར་པ་ནི་འབད་འཐབ་ལ་བརྟེན་ནས་བྱུང་བ་ཞིག་ཡིན”དང་། “ངལ་རྩོལ་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བཏོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་འོད་སྟོང་འཕྲོ་བའི་ལོ་རྒྱུས་བཏོད་ཡོད་ལ། ཀྲུང་ཧྭ་མི་རིགས་ཀྱི་འོད་སྟོང་འཕྲོ་བའི་འབྱུང་འགྱུར་ཡང་གཏོད་ངེས་ཡིན”པ་སོགས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ངལ་རྩོལ་གསར་གཏོད་ལ་བརྩེ་བ་ཟབ་མོས་བསྔགས་བརྗོད་གནང་བ་དང་། ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས་དང་། བཟོ་བོའི་སྙིང་སྟོབས་བཅས་ལ་བསྟོད་གླུ་བླངས་ནས། སྤྱི་ཚོགས་ཡོངས་ལ་ངལ་རྩོལ་གཟི་བརྗིད་དང་། རྩལ་ནུས་རྩ་ཆེན། རླབས་ཆེན་གྱི་དུས་རབས་དར་སྲོལ་གསར་གཏོད་བཅས་ལ་སྐུལ་འདེད་གཏོང་བར་ཁྲིད་སྟོན་གྱིས། ངལ་རྩོལ་མང་ཚོགས་དུང་ཕྱུར་མང་པོའི་མཐུན་སྒྲིལ་མདུན་སྐྱོད་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཡོད།

ངལ་རྩོལ་ལ་བརྟེན་ནས་བདེ་སྐྱིད་སྐྲུན་པ་དང་། དངོས་སྒྲུབ་ལ་བརྟེན་ནས་བྱ་གཞག་རླབས་པོ་ཆེ་གཏོད་ཡོད། ངལ་རྩོལ་གསར་གཏོད་ལ་བརྟེན་པས་ང་ཚོར་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལྡན་ཡོད། ངལ་རྩོལ་གསར་གཏོད་ལ་བརྟེན་པས་ང་ཚོར་ད་ཆའི་གྲུབ་འབྲས་ཐོབ་ཡོད། བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་ནས་ལོ་65སོང་རིང་བྱུང་བའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དག་ལ་ངལ་རྩོལ་པའི་དཀའ་སྤྱད་རྔུལ་ཆུ་འདུས་ཡོད་ལ། ངལ་རྩོལ་པའི་ལས་བརྩོན་གྱི་བློ་གྲོས་དང་ངལ་རྩོལ་པའི་བློས་གཏོང་དང་ལེགས་སྐྱེས་འདུས་ཡོད། ངལ་རྩོལ་ནི་གཟི་བརྗིད་ཡིན་པའི་བབ་ཆགས་ཀྱི་དད་སེམས་དེ་མི་རབས་ནས་མི་རབས་བར་གྱིས་ས་མཐོའི་བུ་ཕྲུག་གིས་རྒྱུན་འཛིན་བྱེད་བཞིན་ཡོད། དུས་རབས་གསར་པར་སླེབས་རྗེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་བརྩེའི་ཐུགས་ཁུར་འོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཀྱི་འོད་སྟོང་འཕྲོ་བའི་མཛུབ་ཁྲིད་ལ་བརྩི་སྲུང་ཞུས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་བཟོ་པའི་གྲལ་རིམ་དང་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་འབད་འཐབ་ལྷོད་མེད་དང་དཔའ་ངར་ཆེན་པོས་མདུན་སྐྱོད། ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམ་པ། དྲག་ཆར་རླུང་འཚུབ་ལ་མི་འཛེམས་པར་མདུན་དུ་སྐྱོད་པ་བཅས་ཀྱིས་དུས་རབས་གསར་པའི་ངལ་རྩོལ་པའི་བསྟོད་གླུ་ལེན་བཞིན་བློ་གྲོས་དང་རྔུལ་ཆུར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ཟམ་མི་ཆད་པར་རྩོམ་བཞིན་ཡོད།

དུས་རབས་གསར་པ་ནི་འབད་འཐབ་མཁན་གྱི་དུས་རབས་ཡིན་པ་དང་། གཟི་བརྗིད་གསར་པ་ནི་ངལ་རྩོལ་པའི་གཟི་བརྗིད་ཡིན། མིག་སྔར་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐོག་བཀོད་པའི་བརྗིད་ཆེའི་འཆར་གཞི་མངོན་འགྱུར་ཧུར་ཐག་བྱས་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“བོད་ཀྱི་རྒྱུགས་ལན”མུ་མཐུད་འབྲི་བཞིན་ཡོད་པས་ང་ཚོ་འགག་སྒྲོལ་དཀའ་སེལ་དང་རླུང་གཤགས་རླབས་གཏོར་གྱི་འགག་རྩའི་དུས་སྐབས་སུ་གནས་ཡོད། བདེ་སྐྱིད་ནི་འབད་འཐབ་ལ་བརྟེན་ནས་བྱུང་བ་དང་ཕུགས་འདུན་ནི་འབད་འཐབ་ལ་བརྟེན་ནས་མངོན་འགྱུར་ཐུབ་པ་ཞིག་ཡིན། ལྗོངས་ཡོངས་ཀྱི་ལས་རིགས་ཁག་དང་འཐབ་ཕྱོགས་ཁག་གི་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱིས་དམིགས་ཚད་སྐུལ་ལྕག་ལ་བརྩི་བ་དང་སྔོན་ཐོན་ཚད་གཞིར་བྱས་ནས། ངལ་རྩོལ་གྱི་སྤྲོ་སེམས་སྔར་བས་འཕེལ་བ་དང་གསར་གཏོད་ཀྱི་མངོན་མེད་ནུས་པ་བཏོན་ཏེ། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་རྣམ་པ་གསར་པ་མངོན་པ་དང་བྱས་རྗེས་གསར་པ་འཇོག་ཐུབ་པར་བྱེད་དགོས།

དཀའ་སྤྱད་འབད་བརྩོན་བྱས་ཏེ་སློབ་སྦྱོང་ལ་བརྟེན་ནས་ངལ་རྩོལ་པའི་བྱང་ཚད་མཐོ་རུ་གཏོང་དགོས། ང་ཚོས་ཚེ་གང་སློབ་སྦྱོང་བྱེད་པའི་འདུ་ཤེས་བཙུགས་ནས་སློབ་སྦྱོང་ཧུར་ཐག་དང་། ལག་ལེན་ལ་སྣང་ཆེན། རིག་གནས་སློབ་སྦྱོང་། ཚན་རིག་སློབ་སྦྱོང་། རྩལ་ནུས་སྦྱོང་བ་བཅས་མཐའ་འཁྱོངས་ཀྱིས་དགེ་རྒན་དང་། ལས་རོགས། དཔེ་དེབ། ལག་ལེན་བཅས་ཀྱི་ས་ནས་སྦྱངས་ཏེ། དམར་ཞིང་མཁས་པ་དང་ལས་སྒྲུབ་ལས་གཏོད་ཀྱི་འབད་འཐབ་ལྷོད་མེད་བྱེད་མཁན་ཞིག་ཧུར་ཐག་བྱེད་དགོས།

ངལ་རྩོལ་དང་གསར་གཏོད་བྱེད་པར་ལམ་ལུགས་ཀྱི་འགན་ལེན་དང་སྤྱི་ཚོགས་ཀྱི་གཅེས་སྐྱོང་མཁོ་ཤོས་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་དོན་ཆེན་ལ་བརྩིས་ནས་དམ་འཛིན་མཐའ་འཁྱོངས་བྱས་ཏེ། ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་ཧུར་ཐག་བཙུགས་ནས་རྒྱ་ཆེའི་ངལ་རྩོལ་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱེད་དགོས། རིམ་ཁག་བཟོ་ཚོགས་རྩ་འཛུགས་ཀྱིས་ཏང་གིས་ལས་བཟོ་མང་ཚོགས་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་ཧུར་ཐག་བཙུགས་ཏེ་དེ་བས་ལེགས་པའི་ངང་ལས་བཟོར་འབྲེལ་གཏུག་དང་། ལས་བཟོར་ཞབས་ཞུ། ལས་བཟོ་སྣེ་ཁྲིད། ལས་བཟོ་གཅིག་སྡུད་བཅས་བྱས་ཏེ། བཟོ་ཚོགས་རྩ་འཛུགས་འདི་ཉིད་ལས་བཟོ་མང་ཚོགས་ལ་དོན་དག་ཡོད་སྐབས་བསལ་ཐུབ་པ་དང་། དོན་དག་སྒྲུབ་སྐབས་འཚོལ་ཐུབ་པ། དཀའ་ངལ་འཕྲད་སྐབས་བློས་འཁེལ་བ་བཅས་ཀྱི“ལས་བཟོའི་ཁྱིམ”ལ་དངོས་འབྲེལ་བསྒྱུར་ནས། བཟོ་ཚོགས་ཀྱི་ལས་བྱེད་པ་རྣམས་ལས་བཟོ་མང་ཚོགས་ཀྱི་བློས་འཁེལ་བའི“ནང་མིར”འགྱུར་བར་བྱེད་དགོས།

དུས་ཚོད་ཀྱིས་མི་མི་སྒུག་པ་དང་། འབད་འཐབ་བྱེད་པའི་དུས་ལ་སླེབས་ཡོད། ཐོག་མཐའ་བར་གསུམ་དུ་རླབས་ཆེ་བའི་བྱས་རྗེས་ནི་རླབས་ཆེ་བའི་འདུན་པ་དང་འབད་འཐབ་ཧུར་ཐག་ལ་བརྟེན་ནས་འགྲུབ་པར་ཡིད་ཆེས་བརྟན་པོ་བྱས་ཏེ། ངལ་རྩོལ་ལ་བརྟེན་ནས་རྨང་གཞི་བརྟན་དུ་གཏོང་བ་དང་། འབད་འཐབ་ལ་བརྟེན་ནས་ལམ་བུ་གཏོད་པ། ལས་དོན་ཧུར་ཐག་སྒྲུབ་པ། དཔའ་སྐྱེད་མདུན་སྐྱོད། བློ་རྩ་བརྟན་པོས་གསར་གཏོད། ཞུམ་མེད་མདུན་སྐྱོད་བཅས་བྱས་ཚེ། ང་ཚོས་གཟི་བརྗིད་དང་ཕུགས་འདུན་གྱིས་ཕྱུག་པའི་རྒྱང་ལམ་དུ་ས་མཐོའི་ངལ་རྩོལ་པའི་གཟི་བརྗིད་གསར་པ་གཏོད་ཐུབ་ངེས་རེད།