ཡན་ཅིན་ཧའེ་རང་སྐྱོང་ལྗོངས་སྲིད་གཞུང་གི་ཆེད་དོན་ཚོགས་འདུར་ཞུགས་པ། ཁྲེན་ཡུང་ཆིས་ཚོགས་འདུ་གཙོ་སྐྱོང་གནང་བ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-05-02

ཚེས་30ཉིན། རང་སྐྱོང་ལྗོངས་སྲིད་གཞུང་གིས་ཆེད་དོན་ཚོགས་འདུ་འཚོགས་ནས་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་། སྲིད་གཞུང་གི་འགན་ནུས་གཞན་སྒྱུར་དང་གྲངས་འཛིན་སྲིད་གཞུང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བའི་ལས་དོན་ལ་ཞིབ་འཇུག་བྱས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལྟར“གཟེར་འདེབས”ཀྱི་སྙིང་སྟོབས་དར་སྤེལ་དང་། དམིགས་ཚད་ལ་གཞིགས་ནས་ལྷོད་གཡེང་མི་གཏོང་བ། གནད་དོན་དམ་པོར་བཟུང་ནས་མི་གློད་པ། རྒྱུན་མཐུད་དམ་འཛིན་བཅས་བྱས་ཏེ་ཚོང་གཉེར་ཁོར་ཡུག་ལོ་རེ་བཞིན་ལེགས་སུ་འགྲོ་བའི་འགན་ལེན་བྱས་ནས་ཆུ་ཚད་མཐོ་བའི་ཚོང་གཉེར་ཁོར་ཡུག་ལ་བརྟེན་ཏེ་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཁྲེན་ཡུང་ཆིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ལྕགས་རྭ་བློ་བཟང་བསྟན་འཛིན་དང་། ལུའོ་མེ། ཀྲང་ཧུང་པོ། ཝེ་ཤིའུ་ཁྲང་། ཞུས་ཀྲི་ཐའོ། བསྟན་པ། ཚེ་རིང་ཕུན་ཚོགས་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

ཡན་ཅིན་ཧའེ་ཡིས། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་ནི་ལ་བརྒལ་ཉག་སྒྲོལ་དང་རྦབ་རྡོ་གྱེན་འདྲིལ་གྱི“འགག་སྒྲོལ་དམག་འཐབ”དང“རྒྱུན་སྲིང་དམག་འཐབ”ཅིག་རེད། “ལས་ཆོད་ཆེན་པོས་ལས་ཀ་གཅིག་སྒྲུབ་པར”དམ་འཛིན་ནན་པོ་བྱས་ཏེ་རྒྱུན་རྣམ་ཅན་གྱི་སྐུལ་སྤེལ་ལམ་སྲོལ་བཟོ་བ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། མང་ཚོགས་དང་ཁེ་ལས་ཀྱིས་གཅིག་སྡུད་ཐོག་སྙན་སེང་ཞུས་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་པ། གྲངས་འཛིན་ལག་རྩལ་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་ལས་སྒྲུབ་བརྒྱུད་རིམ་སྔར་བས་ལེགས་སུ་གཏོང་བ་དང་། ལས་སྒྲུབ་རྒྱུ་ཆ་ཁུ་བསྡུ་བྱེད་པ། ལས་སྒྲུབ་ཀྱི་ལས་ཕྱོད་ཆེ་རུ་གཏོང་བ་བཅས་བྱས་ཏེ་དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། སྲིད་ཇུས་རང་འགུལ་ངང་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་དང་འབྲེལ་བ་ཡོད་པའི་ཞབས་ཞུ་ཞིབ་ཚགས་ཅན་གྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་བ་བཅས་བྱེད་དགོས། སྤྱི་ཚོགས་ཀྱི་ཡིད་རྟོན་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཡིད་རྟོན་ཤོར་བའི་མིང་ཐོའི་དོ་དམ་ལ་གཙོ་གནད་ཐོག་ཤུགས་སྣོན་རྒྱག་པ་དང་། ཡིད་རྟོན་མེད་རིགས་ལ་བསླབ་སྡོམ་བྱེད་པའི་ལམ་སྲོལ་ཚད་ལྡན་དུ་གཏོང་བ། ཡིད་རྟོན་སླར་གསོའི་བརྒྱུད་རིམ་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཡིད་རྟོན་གྱི་རིན་ཐང་དངོས་འབྲེལ་འདོན་དགོས། འོས་སྐུལ་འོས་དཔོད་ཁྱབ་ཁོངས་ཀྱི་ཆེད་དོན་བཅོས་སྐྱོང་ལ་དམ་འཛིན་ནན་པོ་བྱས་ཏེ་ལྡོག་ཕྱོགས་ཀྱི་དཔེ་མཚོན་དཔྱད་གཞིར་བཟུང་ནས་དག་ཐེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འགྲིམ་འགྲུལ་དང་ཨར་ལས་སོགས་གཙོ་གནད་ཁྱབ་ཁོངས་སུ་རིག་ནུས་ཅན་དང་ཆ་འཕྲིན་ཅན་གྱི་འོས་སྐུལ་འོས་དཔོད་བྱེད་སྟངས་ཕྱོགས་ཡོངས་ནས་ཁྱབ་སྤེལ་བཏང་སྟེ་ཁེ་ལས་ལ་དྲང་གཞག་དྲང་བདེན་དངོས་འབྲེལ་ཚོར་ཐུབ་པར་བྱེད་དགོས། དམངས་གཉེར་ཁེ་ལས་ཀྱི་ཞབས་ཞུའི་ཟླ་བ་སོགས“10+N”ལས་ཞུགས་ཞབས་ཞུའི་ཆེད་དོན་བྱེད་སྒོ་ཡག་པོ་སྤེལ་ནས་ལས་མི་སྤྱོད་པའི་འགན་སྲུང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས། དམངས་གཉེར་ཁེ་ལས་ལ་ཡིད་རྟོན་དངུལ་བུན་གྱིས་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། སྟབས་བདེ་ལ་སྤྱོད་གོ་ཆོད་པའི“གཡར་བདེའི་ཡིད་རྟོན་དངུལ་བུན”སོགས་དངུལ་རྩའི་ཐོན་རྫས་སྔར་ལས་མང་བ་གསར་སྤེལ་བྱས་ཏེ“སྐལ་བཟང་མེ་ཏོག་གི་བྱ་སྤྱོད”ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས། འགན་འཁྲི་དོན་འཁྱོལ་དང་རྗེས་འདེད་འདྲི་རྩད་ལ་དམ་འཛིན་ནན་པོ་བྱས་ཏེ་ཚོང་གཉེར་ཁོར་ཡུག་གི་གདེང་འཇོག་བྱས་འབྲས་ཚན་རིག་དང་མཐུན་པའི་སྒོ་ནས་བེད་སྤྱོད་བྱེད་ཤུགས་ཆེ་རུ་བཏང་སྟེ་གནད་དོན་དག་ཐེར་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་གཉེར་སྐྱོང་བྱེད་པོ་དང་མི་དམངས་མང་ཚོགས་ཞུགས་ཚད་དང་ཤེས་ཚད་མཐོ་རུ་བཏང་སྟེ“ཚོང་དུད་ལ་སྣང་ཆེན་དང་། བརྩི་འཇོག བདེ་འཁོད། ཕྱུག་འགྱུར”བཅས་ཡོང་བའི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་བསྐྲུན་དགོས་པའི་ནན་བཤད་གནང་བ་རེད།