རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་བཞི་པའི་སྐོར་གཟིགས་གནས་ཚུལ་ཚུར་ལན་སྤྲད་ཟིན་པ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    | 2024-05-04

རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་གཞིར་བཟུང་། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་བཞི་པའི་སྐོར་གཟིགས་གནས་ཚུལ་ཚུར་ལན་སྤྲོད་པའི་ལས་དོན་ཉེ་ཆར་ཚང་མ་ལེགས་སྒྲུབ་ཟིན་ཡོད། རེས་སྐོར་འདིའི་སྐོར་གཟིགས་ཚུར་ལན་ཐད་སྐོར་གཟིགས་ཚོགས་ཆུང་གིས“གཅིག་གཏད་གཅིག”གི་ཚུར་ལན་སྤྲོད་པའི་རྣམ་པའི་ཐོག་ནས་སྤེལ་བ་རེད།

ཟླ་4ཚེས་29ཉིན་དང་ཚེས་30ཉིན་སྐོར་གཟིགས་ཚོགས་ཆུང་9ཡིས་རེས་སྐོར་འདིའི་རྒྱུན་གཏན་སྐོར་གཟིཌ་ཀྱི་ལྗོངས་ཐད་གཏོགས་ཚན་པ་25དང་སྐོར་གཟིགས་ཀྱི“ཕྱིར་མིག་ལྟ་བའི”ལྗོངས་ཐད་གཏོགས་ཚན་པ་3གྱི་ཏང་རྩ་འཛུགས་ལ་སྐོར་གཟིགས་གནས་ཚུལ་ཚུར་ལན་སྤྲད་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། སྐོར་གཟིགས་ཚོགས་ཆུང་ཁག་གིས་སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱི་འགན་འཁུར་བ་གཙོ་བོར་སྐོར་གཟིགས་བྱེད་རིང་ཤེས་རྟོགས་བྱུང་བའི་མངོན་གསལ་དོད་པའི་གནད་དོན་བརྡ་ཁྱབ་བཏང་བ་དང་འབྲེལ་འགོ་ཁྲིད་ཚན་ཁག་ལ་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་རེས་སྐོར་བཞི་པའི་སྐོར་གཟིགས་གནས་ཚུལ་གྱི་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་བྱས་པ་དང་སྐོར་གཟིགས་གནས་ཚུལ་ཚུར་ལན་སྤྲད་པ་རེད། ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ཡི་འབྲེལ་ཡོད་ཚན་ཁག་གི་ཁོངས་མི་ཚུར་ལན་སྤྲོད་པའི་ཚོགས་འདུར་ཞུགས་པ་དང་འབྲེལ་དག་ཐེར་གྱི་བླང་བྱ་ཡང་བཏོན་ཡོད། སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་རྣམ་འགྱུར་མཚོན་པའི་གཏམ་བཤད་བྱས་པ་རེད།

ཚུར་ལན་ནང་བསྟན་དོན། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། སྐོར་གཟིགས་བྱ་ཡུལ་ཚན་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས“འདུ་ཤེས་བཞི”ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་པ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་རྒྱག་པ་བཅས་བྱས་ནས། དྲིལ་བསྒྲགས་དང་བསམ་བློ་རིག་གནས་དང་། འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས། སློབ་གསོ་དང་འཕྲོད་བསྟེན་བཅས་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད།

ཚུར་ལན་ནང་སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ལ་ལྷག་པའི་མངོན་གསལ་དོད་པའི་གནད་དོན་གཟབ་ནན་ངང་བསྟན་ཞིང་། ཏང་ཙུའུ(ཏང་ཨུད)ཁ་ཤས་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་གཏིང་ཟབ་པོ་མ་བྱུང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་ལ་ཧེ་བག་ཡོད་པ་དང་། ལ་ལས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པར་ཧེ་བག་ཡོད་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”བྱེད་ཐབས་ལ་སྐུལ་འདེད་གཏིང་ཟབ་མ་བྱུང་བ་དང་ཕན་འབྲས་དངོས་ཏན་ཏིག་ཐོན་མེད་པ། ལ་ལས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་ལག་བསྟར་གནད་ལ་མི་འཁེལ་བ་དང་། གནོན་ཤུགས་སྤྲོད་ཚད་མི་འདང་བ། རྣམ་གྲངས་འཛུགས་སྐྲུན་དང་། དངོས་རྫས་ཉོ་སྒྲུབ། གྲོན་དངུལ་དོ་དམ་སོགས་སྤྱོད་གཙང་གི་ཉེན་ཁ་སྔོན་འགོག་དང་ཚོད་འཛིན་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་པ་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་རགས་ཆེན་ད་དུང་སྔར་བས་བརྟན་དུ་གཏོང་དགོས་པ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ད་དུང་སྔར་བས་གཏིང་ཟབ་བྱེད་དགོས་པ། ལ་ལས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་ནན་པོ་མེད་པ་དང་། “འཇོན་ཐང་ལ་གཞིགས་ནས་ལས་བྱེད་པ་བཀོལ་སྤྱོད་དང་། ལས་རྗེས་ལ་གཞིགས་ནས་གདེང་འཇོག་བྱེད་པའི”མི་སྤྱོད་ཀྱི་སྟོན་ཕྱོགས་ད་དུང་མངོན་གསལ་དེ་ཙམ་མེད་པ། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་ཁག་དང་ལྷག་པར་དུ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཞན་ཆའི་ལྷུ་ཚིགས་ཡོད་པ། ལ་ལས་སྐོར་གཟིགས་དག་ཐེར་ལ་མཐོང་ཆེན་མི་འདང་བ་དང་། དག་ཐེར་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་ཤུགས་མི་འདང་བ། སྐོར་གཟིགས་དག་ཐེར་གྱི་ཕན་འབྲས་མངོན་གསལ་དོད་པོ་ཐོན་མེད་པ་བཅས་རེད།

ཚུར་ལན་ནང་བླང་བྱ་བཏོན་དོན། སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐབ་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་སྐོར་གཟིགས་གནས་ཚུལ་གྱི་སྙན་སེང་གསན་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིའི”ཐད་ཀྱི་ལས་འགན་དང་འགན་འཁྲིར་དམིགས་ཏེ་རང་འཁྲིའི་འགན་འཁྲིར་གཞི་ཚུགས་ནས་ལས་དོན་སྤུས་ཚད་མཐོ་པོས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཏང་གི་རང་ངོས་གསར་བརྗེའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་གཏིང་ཟབ་བྱས་ཏེ། རང་རེའི་ཏང་གིས་རང་ངོས་གསར་བརྗེ་བྱེད་དགོས་དོན་གང་ཡིན་པ་དང་། རང་ངོས་གསར་བརྗེ་བྱེད་ཐུབ་དོན་གང་ཡིན་པ། རང་ངོས་གསར་བརྗེར་སྐུལ་འདེད་ཇི་ལྟར་གཏོང་དགོས་པ་བཅས་ཀྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆབ་སྲིད་ཀྱི་རང་རྟོགས་ཤུགས་ཆེར་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲི་གཉིས་དོན་འཁྱོལ་ནན་ཏན་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲིའི་མ་ལག་དང་ལས་ཀའི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། “རུལ་སུངས་མི་བྱེད་པ་གསུམ”ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་གཏོང་དགོས། སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ལས་དོན་སྐུལ་སྤེལ་ཚོགས་འདུའི་དགོངས་དོན་དང་ལྷག་པར་དུ་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་གསུང་བཤད་ཀྱི་བླང་བྱ་གཞིར་བཟུང་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་ཧུར་ཐག་དང་། དམིགས་ཡུལ་གྱི་འདུ་ཤེས་བརྟན་དུ་གཏོང་བ། དངོས་སྒྲུབ་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ། ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ། སྒྲིག་སྲོལ་ལམ་སྲོལ་ལེགས་སུ་གཏོང་བ་བཅས་བྱས་ནས་སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་ཕྱོགས་སུ་སྐུལ་འདེད་ཟམ་མི་ཆད་པར་གཏོང་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་གཏིང་ཟབ་བྱས་ཏེ། ཏང་གི་རྩ་འཛུགས་འཛུགས་སྐྱོང་གི་ལམ་ལུགས་དང་གཏན་འབེབས་ཁག་ལག་བསྟར་ནན་ཏན་བྱེད་པ་དང་། འགོ་ཁྲིད་ཚན་ཁག་དང་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། འཇོན་ཐང་ཆེ་བ། ལས་འགན་ལྕི་པོ་འཁུར་ཐུབ་པ། སྤྱོད་ཚུལ་བཟང་བ་བཅས་ཀྱི་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་པ་དང་ཤེས་ལྡན་པའི་དཔུང་ཁག་ཅིག་འཛུགས་པར་ཤུགས་སྣོན་རྒྱག་དགོས་པ་བཅས་རེད།

ཚུར་ལན་ནང་ནན་བཤད་བྱས་དོན། སྐོར་གཟིགས་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་སྐོར་གཟིགས་དག་ཐེར་ལ་ཤུགས་སྣོན་རྒྱག་པར་དོན་དངོས་དང་ཕན་འབྲས་བརྩོན་ལེན་བྱེད་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ཏེ། གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་གཟིགས་ལས་དོན་སྲོལ་ཡིག》སློབ་སྦྱོང་ནན་ཏན་བྱས་ནས་བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་དག་ཐེར་གྱི་བླང་བྱ་ཁོང་དུ་ཆུད་པར་བྱེད་དགོས་པ། ཏང་ལ་ལྷག་བསམ་རྣམ་དག་དང་མི་དམངས་ལ་འགན་འཁུར་བའི་རྣམ་འགྱུར་ཐོག་ནས་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པའི་རང་རྟོགས་དང་གྲི་ངོ་རང་གཏད་ཀྱི་བློ་སྟོབས་ལ་བརྟེན་པ་དང་། དག་ཐེར་གྱི་ལས་འགན་དང་དམིགས་ཚད་བླང་བྱར་དམ་པོར་དམིགས་པ། རིགས་དབྱེ་ཐག་གཅོད་དང་སྤྱི་འདོམས་ལ་སྣང་ཆེན་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས། གནད་དོན་རིགས་དབྱེ་ཁ་གསལ་བ་དང་། ལས་འགན་ཁག་བགོས་ཆ་ཚང་བ། འགན་འཁྲི་ཚང་མ་གཙང་སྒྲུབ་བཅས་བྱས་ཏེ་དོན་དག་ཚང་མར་འདི་བྱས་འདི་མིན་གྱི་ལན་གསལ་པོ་ཡོད་པའི་འགན་ལེན་བྱེད་དགོས། སྐོར་གཟིགས་དག་ཐེར་གྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་ནས་ཚུར་ལན་གྱི་བསམ་འཆར་དང་ལྟ་བསྡུར་ནན་པོ་བྱེད་པ་དང་། རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། དག་ཐེར་ཇུས་གཞི་བཟོ་བ། གནད་དོན་གྱི་གསལ་ཐོ་དང་། ལས་འགན་གྱི་གསལ་ཐོ། འགན་འཁྲིའི་གསལ་ཐོ་བཅས་བཟོས་ནས་སྐོར་གཟིགས་ཚུར་ལན་གནད་དོན་དག་ཐེར་དོན་འཁྱོལ་བྱེད་པར་ཕྱོགས་ཡོངས་ནས་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་དག་ཐེར་གྱི་འགན་འཁྲི་བ་ཨང་དང་པོའི་འགན་འཁྲི་དོན་འཁྱོལ་ནན་ཏན་བྱས་ཏེ་དག་ཐེར་ལས་དོན་དངོས་སུ་བཀོད་སྒྲིག་དང་། འདྲི་རྟོག མཐུན་སྦྱོར། སྒྲུབ་སྐུལ་བཅས་བྱེད་པ་དང་། གཙོ་གནད་དང་དཀའ་གནད་སྣེ་ཁྲིད་ཀྱིས་ཐག་གཅོད་བྱས་ནས་གོང་དཔེ་འོག་སྟོན་གྱིས་དག་ཐེར་ལ་དམ་འཛིན་ཡག་པོ་བྱེད་དགོས། ཚན་ཁག་གི་ཁོངས་མི་གཞན་དག་གིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”ལག་བསྟར་ནན་ཏན་བྱས་ཏེ། གནད་དོན་རང་འགུལ་ངང་ངོས་འཛིན་རྩིས་ལེན་བྱེད་པ་དང་། འགན་འཁྲིའི་ཁྱབ་ཁོངས་ཀྱི་སྐོར་གཟིགས་ཚུར་ལན་བྱས་པའི་གནད་དོན་དག་ཐེར་ཡག་པོ་བྱས་ནས་གནད་དོན་རེ་རེ་བཞིན་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་སྟེ། གནད་དོན་ཐག་གཅོད་མ་ཐུབ་ན་ལྷོད་གཡེང་མི་གཏོང་བ་དང་ཐག་གཅོད་མཐར་ཕྱིན་མ་ཐུབ་ན་མཚམས་མི་འཇོག་པར་དག་ཐེར་གྱི་བྱ་སྤྱོད་དངོས་དང་དག་ཐེར་གྱི་གྲུབ་འབྲས་མངོན་གསལ་དོད་པོར་བརྟེན་ནས“སྲུང་སྐྱོང་གཉིས”ལག་ལེན་བསྟར་དགོས།

ཚུར་ལན་ནང་བླང་བྱ་བཏོན་དོན། ལྟ་སྐུལ་ནུས་ལྡན་ལ་བརྟེན་ནས་ཕྱོགས་ཁག་གི་འགན་འཁྲི་དག་ཐེར་བྱེད་དགོས། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་དག་ཐེར་ལ་རྒྱུན་གཏན་གྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་སྒྲིག་སྲོལ་དང་། སྒྲིག་ཁྲིམས། བཅའ་ཁྲིམས་བཅས་ལྟར་སྐོར་གཟིགས་རྩིས་སྤྲོད་བྱས་པའི་གནད་དོན་གྱི་ཁུངས་སྣེར་རིགས་དབྱེ་ཐག་གཅོད་བྱེད་པ་དང་། འགན་འཁྲི་བདའ་འདེད་ལ་བརྟེན་ནས་གཙོ་གནད་མི་སྣ་དང་གནད་དོན་ལ་དོ་སྣང་ནན་པོ་བྱས་ཏེ་ཁྲལ་སེལ་དག་ཐེར་དང་། དག་ཐེར་ནུས་ལྡན་མི་བྱེད་པ། དག་ཐེར་གཏན་ནས་མི་བྱེད་པ་བཅས་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། རྩ་འཛུགས་སྡེ་ཚན་གྱིས་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཐད་ཀྱི་གནད་དོན་དང་མི་འདེམས་མི་སྤྱོད་ཆེད་དོན་ཞིབ་བཤེར་གྱི་ཚུར་ལན་གནད་དོན་དག་ཐེར་དོན་འཁྱོལ་ལ་སྐུལ་འདེད་དང་དམ་འཛིན་ཡག་པོ་བྱས་ཏེ། སྐོར་གཟིགས་དག་ཐེར་དོན་འཁྱོལ་བྱས་ཚུལ་དེ་འབྲེལ་ཡོད་སྡེ་ཚན་ཁག་གི་འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པའི་ལོ་འཁོར་གྱི་དཔྱད་ཞིབ་ནང་དོན་གལ་ཆེན་ནང་འཇུག་དགོས་པ་དང་། སྐོར་གཟིགས་ལས་ཤེས་རྟོགས་བྱུང་བའི་གནད་དོན་དེ་འགོ་ཁྲིད་ཚན་ཁག་འཛུགས་སྐྱོང་དང་ལས་བྱེད་པར་དཔྱད་ཞིབ་གདེང་འཇོག་དང་། འདེམས་བསྐོ་བསྐོ་སྤྱོད། ལྟ་སྐུལ་དོ་དམ་བཅས་ཀྱི་དཔྱད་གཞི་གལ་ཆེན་དུ་བརྩི་དགོས། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་སྐོར་གཟིགས་ཀྱི་གྲུབ་འབྲས་ཕྱོགས་བསྡུས་བེད་སྤྱོད་ཡག་པོ་བྱས་ཏེ་གཙོ་གནད་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། སྲིད་ཇུས་མཁོ་སྤྲོད་ལེགས་སུ་གཏོང་བ། སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། སྐོར་གཟིགས་ལས་ཁུངས་ཀྱིས་སྤྱི་འདོམས་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་སྐོར་གཟིགས་དག་ཐེར་གྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

ཤེས་རྟོགས་བྱུང་བར་གཞིགས་ན། སྐོར་གཟིགས་ཚོགས་ཆུང་ལ་ད་དུང་འགོ་ཁྲིད་ལས་བྱེད་པ་ཁག་གཅིག་གི་གནད་དོན་སྐོར་གྱི་ཁུངས་སྣེ་འབྱོར་བ་འབྲེལ་ཡོད་གཏན་འབེབས་ལྟར་རང་སྐྱོང་ལྗོངས་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་དང་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱ་རྒྱུར་བརྒྱུད་སྤྲོད་བྱས་པ་རེད།