བསོད་ནམས་བདེ་སྐྱིད། སྙན་པའི་དབྱངས་ཀྱིས་ཀུན་ལ་དྲོ་སྐྱིད་སྦྱིན། སེམས་ནུས་ཡོད་རྒུས་ནགས་ཚལ་སྲུང་བར་འབད། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    | 2024-05-04

བསོད་ནམས་བདེ་སྐྱིད་དང་འཐབ་གྲོགས་ཚོས《འོད་ཟེར་ལམ་ཆེན》ཞེས་པའི་འཁྲབ་སྟོན་ལ་ཞུགས་པ།

གར་སྟེགས་ཐོག་གི་བསོད་ནམས་བདེ་སྐྱིད།

ཁོང་ནི་ནགས་ཚལ་དང་ཚེ་སྲོག་སྲུང་སྐྱོང་བ་ཞིག་ཡིན་པ་མ་ཟད། འཐབ་གྲོགས་ཚོའི་སེམས་གཏིང་གི་བློ་གཏད་བཅོལ་ས་དང་སྙན་མོའི་དབྱངས་ཀྱི་འགྱུར་ཁུག་ལ་བརྟེན་ནས་འཚོ་བར་རེ་བ་གསར་པ་སྦྱིན་མཁན་གྱི་གཞས་མ་ཞིག་ཀྱང་རེད། ཉེ་ཆར་གསར་འགོད་པར་རོལ་དབྱངས་ལ་དུང་ཞེན་ཆེ་བའི་ནགས་ཚལ་མེ་ཟོན་པ་ཁོང་དང་ཐུག་འཕྲད་ཀྱི་གོ་སྐབས་བྱུང་བས། ཁོང་གི་རོལ་དབྱངས་དང་འགྲོགས་པའི་མི་ཚེའི་གཏམ་རྒྱུད་ལ་ཚང་མས་དགྱེས་གཟིགས་ཡོད་པར་ཞུ།

རོལ་དབྱངས་ལ་དགའ་བའི་བུ་མོ་ཆུང་ཆུང་མེ་ཟོན་འཐབ་འཛིང་པར་གྱུར་པ།

བསོད་ནམས་བདེ་སྐྱིད་ཀྱི་ཕ་ཡུལ་ཡུན་ནན་ནས་ཡིན་ཞིང་། ཁོང་གི་སྤོ་བོ་ལགས་སྔོན་ཆད་དམག་སྡེ་བཅོ་བརྒྱད་པ་དང་མཉམ་དུ་བོད་དུ་སླེབས་མྱོང་ཡོད། དུས་དེ་ནས་བཟུང་ཁོང་གི་ཁྱིམ་རྒྱུད་ཀྱི་གཞིས་གངས་ལྗོངས་ས་མཐོར་ཚུགས། དམག་མིའི་ཁྱིམ་དུ་འཚར་ལོངས་བྱུང་བས། ཁོང་གི་ལུས་ཐོག་ལ་དཀའ་སྤྱད་སྙིང་རུས་ཀྱི་གཤིས་རྒྱུད་བཟང་པོ་འཇགས་པ་མ་ཟད། ཁོང་གིས་རྒྱལ་ཁབ་དང་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་ཡོད། བསོད་ནམས་བདེ་སྐྱིད་ཀྱིས“ང་རང་དཔུང་སྡེའི་སྒོ་ར་ཆེན་པོའི་ནང་འཚར་ལོངས་བྱུང་བ་དང་། ཆུང་དུས་ནས་དམག་དུང་གི་སྒྲ་དང་ཨ་ཁུ་དམག་མི་ལགས་ཚོའི་སྦྱོང་བརྡར་གྱི་སྐད་སྒྲའི་ཁྲོད་དུ་འཚར་ལོངས་བྱུང་། སྐབས་དེ་དུས་ངས་རྟག་ཏུ་པཱ་ལགས་ཀྱིས་བཟོས་གནང་བའི་དམག་ཆས་ཆུང་ཆུང་དེ་གྱོན་རྒྱུར་དགའ་པོ་ཡོད། ཁོར་ཡུག་དེ་ལྟ་བུའི་འོག་འཚར་ལོངས་བྱུང་བས། ཆུང་དུས་ནས་ངའི་སེམས་ཀྱི་ཞིང་ས་གཤིན་པོར་དམག་མི་ཞིག་བྱེད་འདོད་པའི་ས་བོན་བཏབ་ཡོད”ཅེས་སྔར་སོང་གི་ལོ་ཟླར་ཕྱིར་དྲན་བྱེད་བཞིན་དུ་བཤད།

དམག་མི་བྱེད་འདོད་པ་ཕུད། བསོད་ནམས་བདེ་སྐྱིད་ལ་ད་དུང་གཞས་མ་ཞིག་བྱེད་སེམས་ཆེན་པོ་ཡོད། ལོ་དྲུག་ལ་སླེབས་དུས་ནས་ཁོང་གིས་གར་སྟེགས་སུ་གླུ་གཞས་གཏོང་མྱོང་ཡོད། སློབ་གྲྭ་དང་སྡེ་ཁུལ་གྱི་རིག་རྩལ་འཁྲབ་སྟོན་བྱེད་སྒོར་ཐེངས་མང་ཞུགས་མྱོང་བས། བོད་ཀྱི་གཞས་མ་ཆུང་ཆུང་ཞིག་ཏུ་གྱུར་ཡོད། ལོ་བཅུར་སླེབས་དུས་ཁོང་གིས་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི《ཐུན་མིན་6+1》ཅེས་པའི་ལེ་ཚན་ལ་ཞུགས་ནས་རང་ཉིད་ཀྱི་གླུ་གཞས་གཏོང་རྩལ་ངོམས་ཡོད། བསོད་ནམས་བདེ་སྐྱིད་ཀྱི་ངོས་ནས་བརྗོད་ན། རོལ་དབྱངས་ནི་དགའ་ཞེན་ཙམ་མ་ཟད། སེམས་ཀྱི་བརྟེན་ས་ཡང་རེད། རྒྱུན་དུ་རླུང་འཕྲིན་ནས་སྙན་པའི་གླུ་གཞས་གཏོང་སྐབས། ལོ་ན་ཕྲ་བའི་ཁོང་གིས་རང་དབང་མེད་པར་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་གར་སྟབས་ལ་རོལ་གྱི་ཡོད།

ལོ་ན་ཆེ་རུ་སོང་བ་དང་བསྟུན་ནས་ཕུགས་བསམ་དང་དངོས་ཡོད་དབར་གྱི་འགལ་ཟླ་མངོན་གསལ་དོད་དུ་སོང་ཞིང་། རོལ་དབྱངས་ཀྱི་ཕུགས་འདུན་དོན་གཉེར་བྱེད་པའམ་ཡང་ན་དམག་མི་ཞིག་བྱས་ནས་ཁྱིམ་རྒྱུད་ཀྱི་གཟི་བརྗིད་རྒྱུན་སྐྱོང་བའི་དབར་ཁོ་མོ་སོམ་ཉིའི་གནས་སུ་ལྷུངས། བསམ་བློ་ཞིབ་ཚགས་བཏང་རྗེས་ཁོ་མོས་དམག་མིར་འགྲོ་རྒྱུའི་སེམས་ཐག་བཅད། དྲག་ཆས་ཉེན་རྟོག་བཟོ་སྐྲུན་སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས། ཁོང་ལྷ་སར་ལོག་ནས་དྲག་ཆས་ཉེན་རྟོག་བོད་ལྗོངས་ནགས་ཚལ་སྤྱི་ཁྱབ་རུ་ཁག་ལ་ཞུགས་པ་དང་། 2018ལོར་ལས་ཀ་བསྒྱུར་ནས་བོད་ལྗོངས་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཁག་གི་ནགས་ཚལ་མེ་ཟོན་པར་གྱུར།

འཐབ་གྲོཌ་ཀྱི་རྒྱབ་སྐྱོར་ཡོད་པས་འཛད་མཐའ་མེད་པའི་དཔའ་སྟོབས་སྐྱེས་པ།

ནགས་ཚལ་མེ་ཟོན་ལས་བྱེད་པ་ཞིག་ཡིན་པའི་བསོད་ནམས་བདེ་སྐྱིད་མེ་གསོད་དམག་འཐབ་དང་ཉེན་སེལ་རོགས་སྐྱོབ་ཀྱི་ལས་འགན་ཁྲོད་ཐེངས་མང་ཞུགས་མྱོང་ཡོད། ལས་ཀའི་རྣམ་འགྱུར་ཡག་པོ་དང་བློ་རྩ་བརྟན་པོ་ཡོད་པས། ཁོང་ལ་གཟེངས་བསྟོད་མང་པོ་ཐོབ་པ་མ་ཟད། བྱས་རྗེས་རིམ་པ་གསུམ་པ་ཐེངས་གསུམ་ཐོབ་ཡོད།

“2020ལོའི་ཟླ་4པར། ཉིང་ཁྲིའི་གནས་གཞི་གྲོང་ཚོའི་ནགས་ཚལ་ལ་མེ་སྐྱོན་ཤོར་དུས་ཀྱི་གནས་ཚུལ་ད་ལྟའང་ངའི་དྲན་པའི་ངོས་སུ་གསལ་ལྷམ་ལེར་འཆར་གྱི་འདུག ང་ཚོའི་དཔུང་ཁག་གིས་ཉིན་མཚན་གསུམ་རིང་དཀའ་སྤྱད་འབད་འཐབ་བྱས་རྗེས། ནགས་ཚལ་གྱི་མེ་སྐྱོན་གཞི་ནས་གསོད་ཐུབ་ཡོད”ཅེས་བསོད་ནམས་བདེ་སྐྱིད་ཀྱིས་ཕྱིར་དྲན་བྱེད་བཞིན་དུ་བཤད་ཅིང་། ཁོང་གིས་སྐབས་དེ་དུས་ས་རུབ་ཙམ་ལ་མེ་ལྕེ་སྔར་བས་ཆེ་རུ་ཕྱིན་ནས་ཚ་བས་མེ་ཟོན་པའི་ངོ་གདོང་དང་ལག་པ་འཚིག་གྲབས་བྱེད་པ་དང་། ལྷོག་ལྷོག་ཏུ་འཕྱུར་བའི་དུ་བས་མིག་ཀྱང་གདངས་དཀའ་ལ་མགྲིན་པའང་བརྣངས་ཡོད། འོན་ཀྱང་ཁོང་ཚོས་སྔར་བཞིན་ཕྱིར་བཤོལ་སྤུ་ཙམ་ཡང་བརྒྱབ་མེད། མདུན་ཕྱོགས་སུ་དཀའ་ངལ་དང་ཉེན་ཁ་ཅི་ཞིག་འཕྲད་ཀྱང་རྒྱབ་ཕྱོགས་སུ་འཐབ་གྲོགས་ཚོའི་རྒྱབ་སྐྱོར་ཡོད་པས། འགྲན་སློང་མཐའ་དག་ལ་སྐྲག་སྣང་སྤུ་ཙམ་ཡང་མེད་པར་ཁ་གཏད་གཅོག་པའི་འཛད་མེད་སྟོབས་ཤུགས་ཀྱིས་ཁེངས་ནས་ཡོད་ཅེས་དྲན་གསོ་བྱེད་བཞིན་དུ་བཤད།

མེ་བསད་མ་ཐག་པའི་སྐབས་སུ་ངོ་གདོང་ནག་རྐྱང་ཆགས་པ་དང་ལུས་ཤུགས་ཡོངས་སུ་ཟད་པའི་འཐབ་གྲོགས་ཚོ་མཐོང་སྐབས། བསོད་ནམས་བདེ་སྐྱིད་ཀྱི་སེམས་ནང་སྙིང་རྗེ་ཚད་མེད་སྐྱེས་ནས་རང་དབང་མེད་པར་མིག་ཆུ་ཤོར་དུས་ཉེ་འགྲམ་གྱི་གྲོང་མི་རྣམས་གཅིག་རྗེས་གཉིས་མཐུད་ངང་དཔའ་བོའི་དཔུང་ཁག་དེར་ཐུགས་རྗེ་ཆེ་ཞུ་བར་སླེབས་ཡོད། དེའི་ནང་བགྲེས་སོང་ཞིག་གིས་བསོད་ནམས་བདེ་སྐྱིད་ཀྱི་ལག་ནས་དམ་པོར་འཇུས་ཏེ་ཐུགས་རྗེ་ཆེ་ཡང་ཡང་ཞུས་པ་དང་སྦྲགས། ཁོང་ལ་དཀར་གཙང་ཁ་བཏགས་གཡོགས་ཤིང་། སྐབས་དེར་དགའ་སྐྱོ་འདྲེས་མའི་ཚོར་སྣང་ཞིག་ཅིག་ཅར་དུ་སྐྱེས་ནས་མིག་ཆུ་མུ་ཏིག་གི་རྡོག་པོ་ལྟར་རང་དབང་མེད་པར་ལྷུངས། མིག་ཆུ་ཤོར་དོན་ནི་གཅིག་ནས་འཐབ་གྲོགས་ཚོའི་དཔའ་ངར་ཞུམ་མེད་ཀྱི་མདུན་སྐྱོད་སྙིང་སྟོབས་ལ་གུས་འདུད་དང་བཀའ་དྲིན་ཚོར་ལུགས་ཞུ་བ་མཚོན་པས་ཡིན་ལ། ཕྱོགས་གཞན་ཞིག་ནས་ནགས་ཚལ་མེ་ཟོན་དཔུང་ཁག་གིས་ཕྲག་ཏུ་འབབ་པའི་གཟི་བརྗིད་དང་སྟོབས་ཤུགས་ལ་བཅངས་པའི་སྤོབས་སེམས་དང་སེམས་འགུལ་ཐེབས་ལུགས་མཚོན་པ་ཞིག་ཀྱང་རེད། མང་ཚོགས་ཀྱིས་ལྷག་བསམ་ཟོལ་མེད་ངང་ཐུགས་རྗེ་ཆེ་ཞུ་བ་དེ་ནི་ཁོང་ཚོའི་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བ་དང་ལས་འགན་བརྟན་སྲུང་བྱས་པར་ཚད་མཐོའི་བསྔགས་བརྗོད་བྱས་པ་ཞིག་ཡིན་པ་ཁོང་གིས་གསལ་པོར་ཤེས་ཀྱི་ཡོད།

གཡས་གཞོཌ་གཡོན་འདེཌ་ཀྱི་ཁྲོད་ནས་ཚང་མ་མཉམ་དུ་འཚར་ལོངས་བྱུང་བ།

“ཚང་མའི་སེམས་གཏིང་ལ་ཕུགས་བསམ་རེ་ཡོད་ངེས་རེད། མི་ཁ་ཤས་ཀྱིས་ཕུགས་བསམ་སེམས་ཀྱི་གཏིང་རིམ་དུ་འཇོག་སྲིད། མི་ཁ་ཤས་ཀྱི་ཕུགས་བསམ་ལས་ཀ་སྒྲུབ་ཞོར་དུ་མངོན་འགྱུར་ཡོང་གི་ཡོད། སྟབས་ལེགས་པ་ཞིག་ལ་ང་ནི་རིགས་གཉིས་པ་དེར་གྱུར་སོང” ལས་ཁུངས་སུ་བསོད་ནམས་བདེ་སྐྱིད་ཀྱིས་རིག་གནས་དྲིལ་བསྒྲགས་ལས་འགན་འཁུར་གྱི་ཡོད། ཁོང་གི་སྣེ་ཁྲིད་འོག་མེ་གསོད་རུ་མི་ཚོའི་ལས་ཞོར་རིག་གནས་དང་འཚོ་བ་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད།

“རྟག་ཏུ་སྦྱོང་བརྡར་ནན་པོ་བྱེད་དགོས་ཤིང་། མེ་ལ་ཡ་ང་སྙིང་རྗེ་སྤུ་ཙམ་ཡང་མེད། འོན་ཀྱང་མེ་ཟོན་གྱོན་ཆས་མཐུག་པོ་གྱོན་པའི་ནགས་ཚལ་མེ་ཟོན་བ་དང་གཤིབ་དུས་ཁོང་ཚོ་ནི་གཅེས་པར་འོས་པ་ཤ་སྟག་རེད་འདུག ཁོང་ཚོ་རིག་རྩལ་ལ་དགའ་ཞེན་ཆེ་ལ་རྟག་ཏུ་སྤྲོ་སེམས་ཀྱིས་ཁེངས་ནས་ཡོད། ཁོང་ཚོ་གཞས་མ་གཏམ་ལེན་པ་དང་། ཞབས་བྲོ་འཁྲབ་པ། གྲགས་ཅན་མི་སྣར་ལད་མོ་བྱེད་པ། དགོད་བྲོ་བའི་བརྙན་ལམ་པར་ལེན་བྱེད་པ་སོགས་ལ་དགའ་པོ་ཡོད། ཁོང་ཚོས་དགའ་ཕྱོགས་དེ་དག་ལ་བརྟེན་ནས་ལང་ཚོའི་སྐྱེ་སྟོབས་ངོམས་བཞིན་ཡོད། ངས་མེ་ཟོན་སྤུན་གྲོགས་ཚོ་དང་མཉམ་དུ་གར་སྟེགས་ཆེན་པོའི་ཐོག་བསྐྱོད་དེ་འཛམ་གླིང་ས་ཕྱོགས་ཀུན་གྱི་སྐྱེ་འགྲོའི་མིག་ལམ་དུ་དཔའ་ངར་ཆེན་པོས་མེ་གསོད་པ་ཙམ་མ་ཡིན་པའི་གཟུགས་བརྙན་གཞན་ཞིག་སྟོན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་བསོད་ནམས་བདེ་སྐྱིད་ཀྱིས་བཤད།

བསམ་ཐོག་ལ་རྟ་རྒྱུག་པ་ལྟར། བཙུགས་མ་ཐག་པའི་རིག་རྩལ་ཡན་ལག་རུ་ཆུང་དང་མཉམ་དུ《སྐར་འོད་ལམ་ཆེན》ཞེས་པའི་ལེ་ཚན་ལ་ཞུགས་ཆོག་པ་ཤེས་དུས་བསོད་ནམས་བདེ་སྐྱིད་དགའ་བ་འབུམ་གྱིས་མྱོས། “རིམ་པ་མཐོ་བའི་ལེ་ཚན་འདི་འདྲར་ང་དང་ང་ཚོའི་རིག་རྩལ་ཡན་ལག་རུ་ཁག་ཞུགས་ཐེངས་དང་པོ་ཡིན”ཞེས་བསོད་ནམས་བདེ་སྐྱིད་ཀྱིས་བཤད་ཅིང་། ཁོང་གིས་གོད་ཆག་གི་མདུན་དུ་ང་ཚོ་ནི་གདོང་སྐྱོད་པ་ཡིན། གར་སྟེགས་ཐོག་ཏུའང་ང་ཚོ་ནི་འབད་བརྩོན་ཆེ་ཤོས་དང་དཔའ་ངར་ཆེ་ཤོས་ཤ་སྟག་ཡིན། དེར་བརྟེན་ང་ཚོའི་རིག་རྩལ་ཡན་ལག་རུ་ཆུང་གིས་ཀྱང་རྒྱལ་ཡོངས་ཀྱི་ལྟད་མོ་བའི་མིག་ལམ་དུ་འཁྲབ་སྟོན་བྱ་རྒྱུའི་སེམས་ཐག་བཅད་པ་ཡིན་ཞེས་བཤད།

བསོད་ནམས་བདེ་སྐྱིད་ཀྱིས་རུ་མི་ཚོར་ད་ཐེངས་ཀྱི་འགྲན་བསྡུར་ལ་ཞུགས་ཐུབ་པ་དེ་ཐོབ་པར་དཀའ་བའི་སྦྱོང་བརྡར་ཞིག་ལ་བརྩིས་ནས། གནོན་ཤུགས་མཐའ་དག་མདུན་སྐྱོད་ཀྱི་སྒུལ་ཤུགས་སུ་འགྱུར་བར་བྱས་ཏེ་དཔའ་ངར་ཆེན་པོས་འགྲན་སློང་རེ་རེ་བཞིན་བསུ་དགོས་པའི་ལྕག་སྐུལ་བྱས། འགྲན་བསྡུར་རིང་ཚང་མས་དཔའ་ངར་ཆེན་པོས་གླུ་གར་འཁྲབ་སྟོན་བྱས་པ་དེ་ནི་ནགས་ཚལ་སྟུག་པོར་མེ་སྐྱོན་ཆེན་པོ་ཤོར་བའི་ཁྲོད་གདོང་མཆོང་བྱེད་བཞིན་པའི་དཔའ་བོ་དང་གཉིས་སུ་མ་མཆིས། བསོད་ནམས་བདེ་སྐྱིད་ཀྱིས་དེ་དག་མཐོང་སྐབས་སྤོབས་པ་སྐྱེ་བ་དང་སྦྲགས་སེམས་འགུལ་ཚད་མེད་ཐེབས་བྱུང་། ཁོང་ཚོའི་རུ་མི་ཚོས་གཡས་གཞོགས་གཡོན་འདེགས་ཀྱིས་ཚང་མ་མཉམ་དུ་འཚར་ལོངས་ཡོང་བར་བྱས་ནས་གར་སྟེགས་ཐོག་ཆེས་བཀྲག་མདངས་ལྡན་པའི་འོད་སྣང་ཞིག་འཚེར་བ་བྱས་ཡོད།

《སྤྲིན་རུམ》ཞེས་པའི་བོད་གཞས《སྐར་འོད་ལམ་ཆེན》གྱི་གར་སྟེགས་ཐོག་གཏོང་སྐབས། དེ་གར་ཡོད་པའི་ལྟད་མོ་བ་རྣམས་ལ་བསོད་ནམས་བདེ་སྐྱིད་ཀྱི་སྙན་མོའི་དབྱངས་ཀྱི་འགྱུར་ཁུག་དང་བསྟུན་ནས་རི་ཀླུང་མང་པོ་བརྒལ་ཏེ་ཡིད་དུ་འོང་བའི་བོད་ལྗོངས་སུ་སླེབས་པའི་སྣང་བ་ཞིག་ངང་གིས་སྦྱིན་ཡོད། ཁོང་གི་སྐད་གདངས་སྙན་ལ་གཞས་གདངས་ཀྱང་མཐོན་པོ་བཀྱག་ཐུབ་པ་དེ་ནི་གངས་ལྗོངས་ས་མཐོའི་དྭངས་གཙང་ཆུ་མིག་ནས་བཞུར་བའི་ཆུ་མོ་ལྟར། ལུང་གཞུང་གང་སར་ལྷུང་ལྷུང་དུ་བབས་པའི་སྣང་བ་ངང་ངམ་ཤུགས་ཀྱིས་སྦྱིན་ཡོད། མཐར་བསོད་ནམས་བདེ་སྐྱིད་ཀྱི་རིག་རྩལ་ཡན་ལག་རུ་ཁག་ལ《སྤྲིན་རུམ》ཞེས་པའི་གླུ་གཞས་ལ་བརྟེན་ནས་སྐར་མ་མཐོ་པོ་ཐོབ་སྟེ་འགྲན་སྐོར་རྗེས་མར་ཚུད་ཡོད།

བོད་གཞས་ཀྱི་གཞས་ཚིག་གསར་རྩོམ་བྱེད་པའི་བརྒྱུད་རིམ་ལ་ཕྱིར་དྲན་བྱེད་སྐབས། བསོད་ནམས་བདེ་སྐྱིད་ཀྱིས་ཚོགས་པས་གཞས་ཚིག་ལ་བཟོ་བཅོས་ཡང་ཡང་བརྒྱབ་ཡོད། གཞས་འདི་བོད་གཞས་ནས་ལེན་དོན་ནི་ང་ཚོ“འཛམ་གླིང་ཡང་རྩེ”དང“སྤྲིན་གསེབ་ཀྱི་བོད་ལྗོངས”ནས་ཡོང་བ་དང་། ས་མཐོར་གཞིས་ཆགས་པའི་མེ་ཟོན་དཔུང་སྡེ་ཡིན་པས་རེད་ཅེས་བཤད་པ་དང་། ཁོང་གིས“ང་ཚོས་གར་སྟེགས་ཐོག་གླུ་གཞས་འདི་གཏོང་སྐབས་ང་ཚོས་ངོ་མཚར་ཆེ་བའི་ས་གཞི་འདིར་དྲིན་ཚོར་དང་། ང་ཚོའི་དཔུང་ཁག་ལ་དྲིན་ཚོར། ང་ཚོ་དང་དཔུང་པ་མཉམ་གཤིབ་ཀྱི་འཐབ་གྲོགས་ཚོར་དྲིན་ཚོར་འཆང་གི་ཡོད”ཅེས་བཤད།

སྟོབས་ཤུགས་འཕེལ་བ་དང་སྤྲོ་སྣང་དེ་བས་ཆེ་བ་ཡོང་ཆེད།

ད་ཆ་བསོད་ནམས་བདེ་སྐྱིད་དང་ཁོང་གི་འཐབ་གྲོགས་ཚོ་ནགས་ཚལ་མེ་ཟོན་ལས་གནས་སུ་ལོག་ནས་སྔར་མུས་བཞིན་མིག་འབྲས་ལྟར་གཅེས་པའི་ཕ་ཡུལ་སྲུང་བཞིན་ཡོད། འདི་ལོ་བསོད་ནམས་བདེ་སྐྱིད་ལོ་སུམ་ཅུར་སླེབས་ཀྱི་ཡོད། ཁོང་གི་ངོས་ནས་བརྗོད་ན་དེ་ནི་འགྲན་སློང་དང་གོ་སྐབས་ཀྱིས་ཕྱུག་པའི་ན་ཚོད་ཅིག་རེད། ཁོང་གིས་དམིགས་བསལ་གྱི་དུས་ཚོད་དེར་རང་ཉིད་ལ་དབང་བའི་འཁྲབ་སྟོན་འདུ་ཚོགས་ཆུང་ངུ་ཞིག་གཉེར་ནས་སྔོན་ཆད་ལ་ཕྱིར་དྲན་དང་མ་འོངས་ལ་རྒྱང་ལྟ་བྱ་རྒྱུ་མ་ཟད། རོལ་དབྱངས་ཀྱི་ཕུགས་འདུན་དོན་གཉེར་གྱི་ལམ་དུ་རང་ཉིད་ལ་དྲན་འཆར་དེ་བས་ཟབ་པ་ཞིག་འཇོག་རྩིས་ཡོད་པ་རེད།

སྔར་སོང་གི་ལོ་ཟླར་ཕྱིར་དྲན་བྱེད་སྐབས་བསོད་ནམས་བདེ་སྐྱིད་ཀྱིས་སྒྱུ་རྩལ་གྱི་ལམ་དུ་བགྲང་བྱ་ཉི་ཤུ་ལྷག་ཙམ་བསྐྱོད་ཡོད། ལོ་ཉི་ཤུ་ལྷག་ཙམ་རིང་ཁོང་གིས་འཚོལ་ཞིབ་དང་སློབ་སྦྱོང་ཡང་ཡང་བྱས་པ་བརྒྱུད། གར་སྟེགས་ཆེ་ཆུང་མང་པོར་འཁྲབ་སྟོན་སྟོང་ཕྲག་ཙམ་བྱས་ཡོད། མ་འོངས་པར་ཁོང་གིས་རང་ཉིད་ཀྱི་སྙན་པའི་དབྱངས་ཀྱི་འགྱུར་ཁུག་ལ་བརྟེན་ནས་བོད་ཀྱི་རིག་གནས་དང་དར་སྲོལ་ཆེ་བའི་རོལ་དབྱངས་མཉམ་འདྲེས་བྱས་ཏེ་ངོ་མཚར་ཆེ་ལ་ཡིད་དུ་འོང་བའི་བོད་ཀྱི་ས་གཞི་ཆེན་པོ་འདི་ཉིད་མི་དེ་བས་མང་བས་རྒྱུས་མངའ་ཡོང་བའི་འདུན་པ་འཆང་བཞིན་ཡོད།

“ངས་རོལ་དབྱངས་ལ་བཅངས་པའི་བརྩེ་བ་དང་སྤྲོ་སྣང་མུ་མཐུད་རྒྱུན་འཛིན་ཐུབ་པའི་རེ་བ་ཡོད། རོལ་དབྱངས་འདུ་ཚོགས་ཆེ་ཆུང་གང་ཡིན་རུང་ངས་སེམས་གཏིང་ནས་གླུ་ལེན་གྱི་ཡོད། གང་ལགས་ཤེ་ན། དེ་ནི་ང་དང་འཛམ་གླིང་དབར་འབྲེལ་བ་བྱེད་པའི་སྦྲེལ་ཟམ་ལྟ་བུ་ཡིན་པས་རེད། ང་ཚོས་ཀུན་ལས་རྣམ་པར་རྒྱལ་བ་དང་ངོམ་འཕྱར་བྱེད་པ་ཞིག་མ་ཡིན་པར་སྟོབས་ཤུགས་དང་སྤྲོ་སྣང་དེ་བས་མང་བ་ཡོང་ཆེད་ཡིན། ངས་ང་དང་མཉམ་དུ་འགྲོགས་པ་དང་ངའི་རོལ་དབྱངས་ཀྱི་ཕུགས་འདུན་མངོན་འགྱུར་ལ་རྒྱབ་སྐྱོར་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁོང་ཚོའི་སྐུལ་ལྕག་དང་རྒྱབ་སྐྱོར་ཡོད་པའི་དབང་གིས། ངས་གཞི་ནས་རང་ཉིད་ལ་དབང་བའི་རོལ་དབྱངས་ལམ་བུར་དཔའ་ངར་ཆེན་པོས་སྐྱོད་ཐུབ་ཡོད”ཅེས་བསོད་ནམས་བདེ་སྐྱིད་ཀྱིས་གདེང་ཚོད་ཆེན་པོས་བཤད།