ཡན་ཅིན་ཧའེ་ཡིས་ལྷ་སར་དུས་ཆེན་གྱི་ཁྲོམ་ར་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་གནང་བ། ཁྲེན་ཡུང་ཆིས་ལྷན་དུ་བརྟག་ཞིབ་གནང་བ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   | 2024-05-06

ཟླ་5ཚེས་3ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་ལྷ་སར་དུས་ཆེན་གྱི་ཁྲོམ་ར་དང་བདེ་འཇགས་ཐོན་སྐྱེད་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

ཁྲེན་ཡུང་ཆིས་ལྷན་དུ་བརྟག་ཞིབ་གནང་བ་རེད།

འཁྲུག་ཆ་དོད་པའི་ལྷ་སའི་ཚོང་ལས་ཁྲོམ་གཞུང་གིས་མི་རིགས་ཁག་གི་མང་ཚོགས་ལ་ཡུལ་སྐོར་དང་རོལ་རྩེད་བྱ་ཡུལ་ཡག་པོ་ཞིག་བསྐྲུན་ཡོད། ཡན་ཅིན་ཧའེ་དང་བཅས་པས་དུས་ཆེན་གྱི་ཁྲོམ་ར་དང་། འགྲིམ་འགྲུལ་གྱི་གནས་ཚུལ། བདེ་འཇགས་ཐོན་སྐྱེད་བཅས་ཀྱི་གནས་ཚུལ་ལ་ཞིབ་བཤེར་གནང་ཞིང་། ཁོང་གིས་ཚོང་དུད་དང་དོ་དམ་མི་སྣར་མང་ཚོགས་ཀྱི་དགོས་མཁོར་གཞིགས་ནས་ཐོན་རྫས་ཀྱི་མཁོ་འདོན་ཕུན་སུམ་ཚོགས་སུ་གཏོང་བ་དང་། བཟའ་བཅའི་སྤུས་ཚད་ཀྱི་བདེ་འཇགས་འགག་སྒོ་ནན་པོ་སྲུང་བ། དམིགས་བསལ་སྒྲིག་ཆས་དང་སོལ་རླངས་བེད་སྤྱོད་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་དོན་འཁྱོལ་ནན་པོ་བྱེད་པ། ཞབས་ཞུ་འགན་ལེན་ཡག་པོ་བཅས་བྱས་ནས་མང་ཚོགས་སྐྱིད་པོ་དང་བློ་ཡིད་ཚིམ་པོ་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད། ཁོང་གིས“ལྔ་གཅིག”གུང་གསེང་རིང་ཡུལ་སྐོར་བ་མང་བ་དང་རིག་གནས་ཡུལ་སྐོར་ཁྲོམ་ར་འཁྲུག་ཆ་དོད་དུ་ཕྱིན་ཡོད། མི་སྣ་འདུ་འཛོམས་ཆེ་བའི་ཁྲོམ་གཞུང་དང་མཛེས་ལྗོངས་ཁུལ་སོགས་ཀྱིས་བདེ་འཇགས་དོ་དམ་ལ་དེ་བས་སྣང་ཆེན་བྱེད་དགོས་ལ། བདེ་འཇགས་ཐོན་སྐྱེད་ཀྱི་གཞི་རྩ་དེ་ཐོག་མཐའ་བར་གསུམ་དུ་དམ་འཛིན་བྱས་ནས་བདེ་འཇགས་ཐོན་སྐྱེད་ཁོངས་གཏོགས་ཁུལ་གྱི་འགོ་ཁྲིད་ཀྱི་འགན་འཁྲི་དང་། ལས་རིགས་ཀྱི་ལྟ་འདོམས་ཀྱི་འགན་འཁྲི། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི། ལས་བཟོའི་ལས་གནས་ཀྱི་འགན་འཁྲི་བཅས་དམ་དུ་གཏོང་བ་དང་འགན་འཁྲིའི་ཁྱབ་ཁོངས་དང་། ལས་རིགས། ལས་གནས། མི་བཅས་ཚང་མར་ཁྱབ་པར་བྱས་ཏེ་རྒྱུན་གཏན་ནས་དམ་འཛིན་དང་བྱེད་ཐབས་ལས་གནས་སུ་དོན་འཁྱོལ་བྱེད་དགོས། མ་བྱུང་སྔོན་འགོག་བྱེད་དགོས་ལ། ཟུར་བསྟན་ལེབ་མཐོང་གི་སྒོ་ནས་གནད་དོན་གྲལ་བཤེར་དང་ལྷག་པར་དུ་རླངས་འཁོར་མང་བའི་གཞུང་ལམ་དང་། ཡུལ་སྐོར་བ་མང་བའི་མཛེས་ལྗོངས་ཁུལ། གནམ་གཤིས་འགྱུར་ལྡོག་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་ནན་པོ་བྱེད་པ་དང་། འགྲིམ་འགྲུལ་བདེ་འཇགས་ཀྱི་ལྟ་འདོམས་དང་མེ་ཟོན་བདེ་འཇགས་སོགས་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་དང་ལྟ་ཞིབ་བྱེད་ཚད་ལ་སྤྱི་འདོམས་ཤུགས་སྣོན་རྒྱག་པ། བདེ་འཇགས་ཀྱི་ལས་འཛོལ་ཐོན་རྒྱུ་གཏན་འགོག་བཅས་བྱས་ནས། མི་དམངས་མང་ཚོགས་ལ་བདེ་འཇགས་དང་སྤྲོ་སྣང་ལྡན་པའི་དུས་ཆེན་ཞིག་གཏོང་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།

དུས་ཆེན་རིང་བར་སྐོར་དང་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དུ་ཡུལ་སྐོར་བས་ཁེངས་ལ་དེ་བས་སྒྲིག་ལམ་ལྡན། ཡན་ཅིན་ཧའེ་དང་བཅས་པས་ཕེབས་གྱིན་གཟིགས་གྱིན་དུ་ཡུལ་སྐོར་བ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བ་རེད། ཁོང་གིས་བདེ་འཇགས་ཐོན་སྐྱེད་ལ་སྣང་ཆེན་བྱེད་དགོས་ཤིང་། “བདེ་འཇགས་ནི་སྣང་ཆུང་བྱེད་མི་རུང་བའི་བྱ་བ་ཞིག་ཡིན་པ”བློ་ལ་བརྟན་པོར་ངེས་ནས་རྟག་ཏུ་དོགས་ཟོན་དང་། རྣམ་གཡེང་དང་སྟེས་དབང་གི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད། འདུ་གནས་མི་འདྲ་བ་དང་ཁྱབ་ཁོངས་མི་འདྲ་བའི་བདེ་འཇགས་ཀྱི་ཁྱད་ཆོས་ཁོང་དུ་ཆུད་པ། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བཅོས་འགག་སྒྲོལ་གྱི་ལོ་གསུམ་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་དམ་འཛིན་བྱ་གཞིར་བྱེད་པ། གཙོ་གནད་ས་ཁུལ་དང་འགག་རྩའི་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་གྲལ་བཤེར་ཐག་གཅོད། ཁུག་ཆ་མི་ལུས་པ་བཅས་བྱས་ཏེ་དོན་རྐྱེན་ཚབས་ཆེན་ཐོན་རྒྱུ་མཐའ་གཅིག་ཏུ་འགོག་ཟོན་དང་གཏན་འགོག་བྱེད་དགོས། མིག་གཤམ་ལ་ལྟ་བ་དང་འཐབ་ཕྱོགས་དང་པོར་དམིགས་རྒྱུ་མཐའ་འཁྱོངས་བྱས་ཏེ་འཕྲལ་སྡོམ་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། འཕྲལ་སྡོམ་ནང་སྦྱོང་ལ་ཤུགས་སྣོན་རྒྱག་པ། གཞི་རིམ་ལ་བདེ་འཇགས་དྲིལ་བསྒྲགས་གསོ་སྦྱོང་བྱེད་པར་ཤུགས་སྣོན་རྒྱག་པ། གཞི་རིམ་གྱི་རྨང་གཞི་མུ་མཐུད་བརྟན་དུ་གཏོང་བ་བཅས་བྱས་ནས། བདེ་འཇགས་དང་གོ་རིམ་ལྡན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ནུས་ཤུགས་ཡོད་རྒུས་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།