“ཀྲུང་གོ་དང་འཕྲད་པ”ཞེས་པའི་ཀྲུང་ཧྭའི་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཧྥ་རན་སེའི་ཕ་རི་སིར་གཉེར་བ། ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   | 2024-05-06

ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་1ཉིན་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཀྱིས་ཀྲུང་དབྱང་དང་ས་གནས་ཀྱི་དྲིལ་བསྒྲགས་རིག་གནས་སྒྲིག་གཞི་12དང་མཉམ་འབྲེལ་ཐོག 2024ལོའི་ཧྥ་རན་སེའི་ཕ་རི་སི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ནང་ཞུགས་ནས“ཀྲུང་གོ་དང་འཕྲད་པ”ཞེས་པའི་ཀྲུང་ཧྭའི་རིག་གནས་ཀྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཐུན་མོང་ཐོག་གཉེར་བ་རེད། འགྲེམས་སྟོན་དེ་རིག་གནས་འགྲེམས་དངོས་དང་། རིག་རྩལ་འགྲེམས་འཁྲབ། རིག་གནས་བསམ་བཀོད་ཐོན་རྫས་འགྲེམས་ཚོང་། རིག་རྩལ་རོལ་རྩེད་ཉམས་ལེན་བཅས་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཡུན་རིང་དང་། ཀྲུང་ཧྭའི་རིག་གནས་ཀྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས། ཀྲུང་ཧྭའི་ཤེས་དཔལ་གྱི་དེང་རབས་གྲུབ་འབྲས་བཅས་མངོན་པར་བྱས་ཡོད།

ད་ཐེངས་ཀྱི་འགྲེམས་སྟོན་དེ“རྩེར་སོན་རིག་གནས་ནས་མཛེས་སྡུག་ལྡན་པའི་འཚོ་བའི་བར”ཞེས་པ་ལོ་འཁོར་གྱི་བརྗོད་དོན་གཙོ་བོར་བྱས་པ་དང་། ཀྲུང་ཧྭའི་ཤེས་དཔལ་འགྲེམས་སྟོན་ཁུལ་དང་། ལྟེ་བའི་བྱེད་སྒོ་སྤེལ་ཁུལ། པེ་ཅིང་རིག་གནས་འགྲེམས་ཁུལ། ཁྱད་ལྡན་རིག་གནས་འགྲེམས་ཁུལ་བཅས་ཁག་བཞི་བཀོད་སྒྲིག་བྱས་པ། ཀྲུང་ཡོན་གྱི་རིག་གནས་དང་། ཞི་མཐུན་མཉམ་འདྲེས་ཀྱི་རིག་གནས། རྨ་ཆུའི་རིག་གནས། འབྲི་ཆུའི་རིག་གནས། ཁུག་ཆེན་ཁུལ་གྱི་རིག་གནས། གྲངས་ཉུང་མི་རིགས་ཀྱི་རིག་གནས་སོགས་ཀྱི་རིག་གནས་མཚོན་རྟགས་ཕྱོགས་ཡོངས་ནས་མངོན་པར་བྱས་ཡོད། འགྲེམས་སྟོན་གྱི་ནང་དོན་གྲས་སུ་བརྗོད་དོན་གཙོ་བོའི་དཔེ་དེབ་དང་། ལི་ཆས། དཀར་ཆས། བཟོ་བཀོད་མཛེས་རྩལ་གྱི་བརྩམས་ཆོས། རིག་གནས་བསམ་བཀོད་ཐོན་རྫས་སོགས་རིགས་600ལྷག་ཙམ་གྱི་ཁྱད་ལྡན་འགྲེམས་དངོས་2000ཚུད་ཡོད་པ་རེད།