གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཕྱོགས་མང་རིང་ལུགས་ཀྱི་འབྱུང་འགྱུར་མཉམ་དུ་གཏོད་པ། —— ཀྲུང་ཧྥའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གླེང་སྟེགས་སྐབས་གཉིས་པའི་སྒྲིལ་གླེང་། ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   | 2024-05-06

ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་2ཉིན། ཀྲུང་ཧྥའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གླེང་སྟེགས་སྐབས་གཉིས་པ་ཧྥ་རན་སེའི་གྲོང་ཁྱེར་ཕ་རི་སིར་འཚོགས་པ་རེད། སྐབས་འདིའི་གླེང་སྟེགས་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་དང་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཀྱིས་མཛུབ་ཁྲིད་བྱས་པ་དང་། དེང་རབས་ཀྲུང་གོ་དང་འཛམ་གླིང་ཞིབ་འཇུག་ཁང་དང་ཀྲུང་གོ་དང་། ཡོ་རོབ། ཨ་རི་བཅས་ཀྱི་གོ་ལ་ཧྲིལ་པོའི་གྲོས་འགོས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་། ཀྲུང་ཧྥ་རྒྱལ་ཁབ་གཉིས་ཀྱི་རིགས་གཅིག་མཁས་ཅན་དང་མཁས་དབང་བརྒྱ་ལྷག་ཙམ་གྱིས“གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་ཕྱོགས་མང་རིང་ལུགས་ཀྱི་འབྱུང་འགྱུར་མཉམ་དུ་གཏོད་པ”བརྗོད་དོན་གཙོ་བོར་དམིགས་ཏེ་བགྲོ་གླེང་དང་སྤེལ་རེས་གཏིང་ཟབ་བྱས་པ་རེད།

ཚོགས་ཞུགས་སྐུ་མགྲོན་གྱིས་ཀྲུང་གོ་དང་ཧྥ་རན་སེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བ་དང་ཀྲུའུ་ཞི་ཞི་ཅིན་ཕིང་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་གནང་ཉེར་ཡོད་པའི་སྐབས་སུ་ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་ཀྱི་སྲིད་ཕྱོགས་དང་སློབ་གསོའི་ལས་རིགས་དབར་སྤེལ་རེས་གཏིང་ཟབ་དང་བློ་བསྡུས་དགེ་འཚོལ་བྱེད་པ་དེས་འཛམ་གླིང་གི་ཞི་བདེ་བརྟན་ལྷིང་དང་འཕེལ་རྒྱས་ཡར་ཐོན་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད་པ་དང་། ཚང་མས་ཕྱོགས་མང་རིང་ལུགས་ངོ་མ་སྲུང་སྐྱོང་དང་ལག་ལེན་བསྟར་བ་ནི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་རེད། ཀྲུང་ཧྥ་རྒྱལ་ཁབ་གཉིས་པོས་ཚན་རྩལ་གསར་གཏོད་དང་ཐཱན་ཉུང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་སོགས་ཁྱབ་ཁོངས་སུ་མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེན་པོ་ཡོད་པས། ཕན་ཚུན་བསམ་ཤེས་བྱེད་ཟབ་ཏུ་གཏོང་བ་དང་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་ཏུ་བསྒྲིལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་དེ་བས་ལེགས་པའི་ངང་ཁ་གཏད་གཅོག་དགོས་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད།

ཕྱོགས་མང་རིང་ལུགས་ངོ་མ་ཐུན་མོང་ཐོག་ལག་ལེན་བསྟར་བ།

“ཀྲུང་ཧྥས་རྒྱལ་སྤྱིའི་སྒྲིག་ལམ་གྱི་སྲུང་སྐྱོང་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གསར་འབྱེད་པ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་གི་ཁྲིད་སྟོན་པ། སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ལག་ལེན་བ་བཅས་བྱེད་དགོས”ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས་ཀྱི་ཅུས་ཀྲང་ཏུའུ་ཀྲན་ཡོན་གྱིས་འགོ་ཚུགས་ཤིས་ཚིག་བསྒྲོན་སྐབས། ཀྲུང་ཧྥའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་གླེང་སྟེགས་སྐབས་གཉིས་པའི་ཐོག་རང་བཙན་རང་བདག་དང་། ཕན་ཚུན་བསམ་ཤེས། གཟིགས་རྒྱང་རིང་བ། གཉིས་ཁེ་གཉིས་ཕན་བཅས་ཀྱི“ཀྲུང་ཧྥའི་སྙིང་སྟོབས”རྒྱུན་འཁྱོངས་བྱེད་པ་དེའི་དམིགས་ཡུལ་ནི་ཐུན་མོང་གི་ངོས་འཛིན་དང་བློ་གྲོས་དེ་བས་མང་བ་གཅིག་ཏུ་བསྡུས་ནས་དེ་བས་སྲ་བརྟན་དང་གསོན་ཤུགས་ལྡན་པའི་ཀྲུང་ཧྥའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཏོད་དེ་ཕྱོགས་མང་རིང་ལུགས་ངོ་མ་ཐུན་མོང་ཐོག་དར་སྤེལ་བཏང་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་་བར་སྐུལ་འདེད་གཏོང་ཆེད་ཡིན་ཞེས་བརྗོད་པ་རེད།

ཧྥ་རན་སེའི་རྒྱལ་སྤྱིའི་འབྲེལ་བ་དང་འཐབ་ཇུས་ཞིབ་འཇུག་ཁང་གི་ཡོན་ཀྲང་ཕ་སི་ཁར·པོ་ཉི་ཧྥ་སིས། འཛམ་གླིང་ལ་འགྱུར་ལྡོག་ཆེན་པོ་འབྱུང་བཞིན་ཡོད་པས་ཧྥ་ཀྲུང་གིས་ངེས་པར་དུ་ལག་གདང་སྦྲེལ་ནས་ཕྱོགས་མང་རིང་ལུགས་སྲུང་སྐྱོང་བྱེད་དགོས་པའི་ངོས་འཛིན་བྱས་པ་དང་། “ད་ཡོད་ཀྱི་རྒྱལ་སྤྱིའི་སྒྲིག་ལམ་ལ་སྲུང་སྐྱོང་དང་། ས་ཁུལ་གྱི་གླེང་མང་བའི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་བ། གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཀྱི་གྲོས་གཞིའི་ཐད་ཧྥ་ཀྲུང་རྒྱལ་ཁབ་གཉིས་ལ་ཐུན་མོང་གི་ཆ་མང་པོ་ཡོད་པས་ང་ཚོས་མཐུན་པ་ཡོང་ཐབས་དང་མི་མཐུན་སོར་འཇོག་བྱས་ཏེ་མུ་མཐུད་ངོས་འཛིན་གཅིག་མཐུན་རྒྱ་ཆེར་གཏོང་བ་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་སྒྲིག་གཞིའི་ཁྲོད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱེད་དགོས”ཞེས་བརྗོད་པ་རེད།

ལག་གདང་སྦྲེལ་ནས་ལྗང་མདོག་གི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།

ཚོགས་ཞུགས་སྐུ་མགྲོན་གྱིས་ཀྲུང་ཧྥ་ཕྱོགས་གཉིས་པོར་འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱེད་པ་དང་སྒྲིག་སྲོལ་རྨང་གཞིར་བྱེད་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་བྱས་ནས་རྒྱལ་ཁབ་ཁག་གི་ལྗང་མདོག་གི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་བའི་འགན་འཁྲི་ཡོད་པའི་ངོས་འཛིན་བྱས་པ་རེད།

འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཟུར་པ་དབྱི་ཞའོ་ཀྲུན་གྱིས་ཀྲུང་གོ་དང་ཡོ་རོབ་ཀྱི་ཐུན་མོང་ཁེ་ཕན་དེ་མི་མཐུན་པའི་ཆ་ལས་ཆེ་བ་ཡོད་པ་དང་ཕྱོགས་གཉིས་པོས་ཐུན་མོང་ཐོག་ལག་གདང་སྦྲེལ་ནས་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་དང་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པའི་བརྡ་རྟགས་དྲག་པོ་བཏང་ཡོད་ཅེས་བརྗོད་པ་དང་། ཁོང་གིས་རྒྱལ་ཁབ་ཁག་གིས་རྒྱལ་ཕམ་གྱི་འཇམ་འཐབ་བསམ་བློ་དོར་ནས་སྒོ་དབྱེའི་མཉམ་ལས་ཀྱི་ལོ་རྒྱུས་རླབས་རྒྱུན་དང་བསྟུན་ཏེ་ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བརྒྱུད་གོ་ལ་ཧྲིལ་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་གཉིས་ཁེ་གཉིས་ཕན་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།

ཀྲུང་གོ་བཟོ་ལས་དཔལ་འབྱོར་རིག་གཞུང་སློབ་ཚོགས་ཀྱི་ཚོགས་གཙོ་ཅང་ཞའོ་ཅོན་གྱིས་ཀྲུང་ཧྥ་རྒྱལ་ཁབ་གཉིས་པོའི་དཔལ་འབྱོར་ཐད་ཕན་ཚུན་གསབ་རེས་རང་བཞིན་ཆེ་བ་དང་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ཡོད། ཀྲུང་ཧྥ་རྒྱལ་ཁབ་གཉིས་ཀར་ཕུན་སུམ་ཚོགས་ལ་ཐུན་མོང་མ་ཡིན་པའི་རིག་གནས་ལྡན་པ་དེས་རྒྱལ་ཁབ་གཉིས་པོར་ཚོང་དོན་མ་འཇོག་གི་གོ་སྐབས་མང་པོ་དང་དམངས་ཁྲོད་འགྲོ་འོང་གི་རྨང་གཞི་ཟབ་མོ་བཏིང་ཡོད་ཅེས་བརྗོད་པ་རེད།

ཧྥ་རན་སེའི་ཆའོ་ཀྲེ་ཁུ་ཇུས་འདོན་ཚོགས་པའི་ཀྲུའུ་ཞི་ཀྲོའུ་རུའེ་ཡིས་ཉིང་རྡུལ་ནུས་པའི་ཁྱབ་ཁོངས་སུ་ཧྥ་ཀྲུང་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཉིང་རྡུལ་ནུས་པས་ནུས་རྒྱུ་ཕྱོགས་སྒྱུར་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱི་ཡོད་པས་ཧྥ་ཀྲུང་རྒྱལ་ཁབ་གཉིས་པོས་སྔར་བས་མཉམ་ལས་དམ་ཟབ་བྱས་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་ཕན་བདེ་བསྐྲུན་དགོས་ཞེས་བརྗོད་པ་རེད།

མི་ཆོས་རིག་གནས་སྤེལ་རེས་ལ་བརྟེན་ནས་ཕན་ཚུན་བསམ་ཤེས་བྱེད་ཟབ་ཏུ་གཏོང་བ།

ཀྲུང་ཧྥའི་ཤེས་དཔལ་ཆེན་པོ་གཉིས་ཀྱིས་ཡུན་རིང་ཕན་ཚུན་ཡིད་དབང་འགུག་པ་དང་ཕན་ཚུན་མྱོང་རོལ་བྱེད་ཀྱི་ཡོད། ཕན་ཚུན་རྒྱུས་མངའ་དང་འཆམ་མཐུན་གྱི་དམངས་ཁྲོད་མཛའ་གྲོགས་ནི་ཀྲུང་ཧྥའི་འབྲེལ་བའི་འབྱུང་ཁུངས་ཡིན། ཚོགས་ཞུགས་སྐུ་མགྲོན་ཚོས་རིག་གནས་སྤེལ་རེས་ཀྱིས་རྒྱལ་ཁབ་ཁག་གི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱེད་ཀྱི་ཡོད་པས་རྒྱལ་ཁབ་ཁག་གིས་མི་ཆོས་རིག་གནས་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྲོད་རང་རྒྱལ་ཁབ་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་ཁྱད་ཆོས་དང་མཐུན་པའི་དེང་རབས་ཅན་མངོན་འགྱུར་དང་གོ་ལ་ཧྲིལ་པོའི་ཐུན་མོང་འཕེལ་རྒྱས་མངོན་འགྱུར་ཡོང་བ་བྱེད་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད།

ཧྥ་རན་སེའི་ཕ་རི་སི་སྒྱུ་རྩལ་ལྟེ་གནས་ཀྱི་ཀྲུའུ་ཞི་དང་ཕ་རི་སི་ཁུལ་ཆེན་གྱི་ཧྥེང་ཐེ་ནའེ་སུའུ་པུའུ་ཝ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཟུར་པ་སྨི་ཞེར·ཐ་པ་ནུའུ་ཡིས། ཧྥ་ཀྲུང་རྒྱལ་ཁབ་གཉིས་པོར་རིག་གནས་ཀྱི་ནང་དོན་ཟབ་མོ་དང་ལོ་རྒྱུས་ཡུན་རིང་ལྡན་པས་རྒྱལ་ཁབ་འདི་གའི་རིག་གནས་ཁྱད་ཆོས་གང་ལེགས་མངོན་པར་བྱས་ཏེ་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་པའི་ཁྲོད་ཕྱོགས་ཞེན་དང་འགལ་རྐྱེན་མེད་པ་བཟོས་ནས་ཕན་ཚུན་བསམ་ཤེས་ལ་སྐུལ་འདེད་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད།

ཀྲུང་གོ་སྤྱི་པའི་འབྲེལ་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་རྒྱལ་ཁབ་སྤྱི་པའི་འབྲེལ་བ་དང་འཐབ་ཇུས་ཁྱབ་སྤེལ་ཞིབ་འཇུག་ཁང་གི་ཡོན་ཀྲང་ཏུང་ཀོན་ཕུང་གིས། ཀྲུང་ཧྥའི་དབར་མི་ཆོས་རིག་གནས་སྤེལ་རེས་དང་རིག་གཞུང་སྤེལ་རེས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ཚེ་གཞི་ནས་ཐུན་མོང་གི་ངོས་འཛིན་དེ་བས་མང་བ་གཅིག་ཏུ་བསྒྲིལ་ཐུབ། ཀྲུང་ཧྥའི་གསར་འགྱུར་ལས་རིགས་ཀྱིས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱི་རོལ་ཡུལ་དང་མཐུན་པ་དང་། དངོས་ཡོད། གསོན་ཉམས་ལྡན་པ་བཅས་ཀྱི་གཏམ་རྒྱུད་བརྗོད་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཟམ་མི་ཆད་པར་ཟབ་ཏུ་གཏོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།