“འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་པ” —— ཧྥ་རན་སེ་དང་། སར་པི་ཡ། ཧང་ག་རི་བཅས་ཀྱི་ལས་རིགས་ཁག་གི་མི་སྣས་སྤྲོ་སེམས་འཁོལ་པོས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གསུམ་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུའི་རེ་སྒུག་བྱེད་པ། ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    | 2024-05-07

ཧྥ་རན་སེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་མཱ་ཁེ་ལུང་དང་། སར་པི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཝུའུ་ཆི་ཆི། ཧང་ག་རིའི་ཙུང་ཐུང་ཧྲུའུ་ཡིའུ་ཁེ་དང་ཙུང་ལི་ཨོར་པན་བཅས་ཀྱི་གདན་ཞུས་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་5ཚེས་5ཉིན་ནས་ཚེས་10ཉིན་བར་གོང་གསལ་རྒྱལ་ཁབ་གསུམ་ལ་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད། ད་ཐེངས་ཀྱི་འཚམས་འདྲི་ནི་ཉེ་བའི་ལོ་5ཡི་རིང་ཀྲུང་གོའི་རྒྱལ་ཁབ་ཀྱི་གཙོ་བདག་ཡོ་རོབ་ཏུ་འཚམས་འདྲིར་ཕེབས་ཐེངས་དང་པོ་ཡིན་པ་དང་ཀྲུང་གོ་དང་ཧྥ་རན་སེ་དང་། སར་པི་ཡ། ཧང་ག་རི་བཅས་དང་དེ་བཞིན་ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་སྤྱི་ཡོངས་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་རྒྱལ་ཁབ་གསུམ་གྱི་ལས་རིགས་ཁག་གི་མི་སྣས་ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་པ་དེས་ཀྲུང་གོ་དང་རྒྱལ་ཁབ་གསུམ་གྱི་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་ཁྲིད་སྟོན་ཐུབ་ནས། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་སྒུལ་ཤུགས་གསར་པ་སྣོན་རྒྱུ་དང་ཡོ་ལང་དང་ཟང་ཟིང་ཆེ་བའི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་དྲང་ནུས་དེ་བས་མང་བ་སྣོན་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།

“ཧྥ་རན་སེ་དང་ཀྲུང་གོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ”

ཀྲུང་ཧྥའི་འབྲེལ་བ་དེ་ཡུན་རིང་ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འབྲེལ་བའི་མདུན་གྲལ་དུ་སླེབས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་ཧྥ་རན་སེར་འཚམས་འདྲིར་ཕེབས་པ་ནི་ཀྲུང་གོའི་རྒྱལ་ཁབ་ཀྱི་གཙོ་བདག་གིས་ལོ་5སོང་རྗེས་སླར་ཡང་ཧྥ་རན་སེར་རྒྱལ་དོན་འཚམས་འདྲི་གནང་བ་ཞིག་ཡིན་པ་དང་ཀྲུང་ཧྥའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བ་དང་ཏག་ཏག་འཁེལ་བས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཛིན་སྐྱོང་སྤེལ་གསུམ་དང་སྔ་འཛིན་ཕྱི་གཏོད་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད།

“རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ལོའི་འཚམས་འདྲི་དང་པོ་དེ་ཡོ་རོབ་ཀྱི་རྒྱལ་ཁབ་གསུམ་བདམས་གནང་བ་དང་ང་ཚོས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་འཚམས་འདྲིར་རེ་སྒུག་ཆེན་པོ་བྱེད་བཞིན་ཡོད”ཅེས་ཀྲུང་གོར་བཅའ་སྡོད་ཧྥ་རན་སེའི་གཞུང་ཚབ་ཆེ་མོ་བ་ཟུར་པ་ཀུའུ་ཧྲན་གྱིས་བརྗོད། ཁོང་གིས་འཛམ་གླིང་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་དང་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ་སོགས་ཀྱི་ཐད་ཀྲུང་གོས་འདོན་པའི་ནུས་པར་ཧྥ་རན་སེ་ཕྱོགས་ཀྱིས་མཐོང་ཆེན་པོ་བྱེད་ཀྱི་ཡོད། “ཀྲུའུ་ཞི་ཞི་ཅིན་ཕིང་གི་ད་ཐེངས་ཀྱི་འཚམས་འདྲི་ལས་ཧྥ་ཀྲུང་རྒྱལ་ཁབ་གཉིས་དང་དེ་བཞིན་རྒྱལ་སྤྱིའི་སྤྱི་ཚོགས་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པར་སྐུལ་འདེད་ཐེབས་ནས། འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་ཐུབ་པའི་ཡིད་ཆེས་ཡོད”ཅེས་བརྗོད་པ་རེད།

ཧྥ་རན་སེའི་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་ཅན་པུ་ལུ་ནུའོ·ཅི་ཀེ་ཡིས་ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་ཁྲིད་སྟོན་འོག་ཧྥ་ཀྲུང་འབྲེལ་བའི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། “ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་ཧྥ་རན་སེར་འཚམས་འདྲིར་ཕེབས་པ་དེས་ཧྥ་ཀྲུང་རྒྱལ་ཁབ་གཉིས་པོའི་དབར་ཤེས་རྟོགས་དེ་བས་ཟབ་ཏུ་འགྲོ་བ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་སྔར་བས་སྐུལ་འདེད་ཐེབས་རྒྱུ་རེད། དེ་ཧྥ་ཀྲུང་གི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་བར་ཕན་ཐོགས་ཡོད་པ་མ་ཟད། ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པར་ལེགས་སྐྱེས་ཀྱང་འབུལ་རྒྱུ་རེད”ཅེས་བརྗོད།

“རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་གྱི་འབྲེལ་གཏུག་དང་སྤེལ་རེས་དམ་ཟབ་ལས་ཧྥ་ཀྲུང་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་སྔར་བས་ཟབ་ཏུ་ཕྱིན་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐུབ་རྒྱུ་རེད”ཅེས་ཕ་རི་སི་ཧྥ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་པུ་ལུ་ནུའོ་ཡིས་བརྗོད། ཁོང་གིས་ཕན་ཚུན་བསམ་ཤེས་དང་ཁྱབ་ཁོངས་མང་པོའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ཧྥ་རན་སེ་དང་ཀྲུང་གོར་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད། ཕ་རི་སི་ཧྥ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱིས་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་དབར་ཕན་ཚུན་ཤེས་རྟོགས་ཟབ་ཏུ་གཏོང་ཆེད་མུ་མཐུད་འབད་བརྩོན་ཧུར་ཐག་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

“རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་བཏང་ནས་སར་པི་ཡ་དང་ཀྲུང་གོའི་འབྲེལ་བ་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་གཏོང་བ”

སར་པི་ཡ་ནི་ཡོ་རོབ་དབུས་ཤར་ས་ཁུལ་དུ་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཐོག་མ་དེ་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་དབར་མཛའ་གྲོགས་ཟབ་མོ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་8སོང་རྗེས་སླར་ཡང་སར་པི་ཡར་འཚམས་འདྲི་གནང་བ་དེ་ནི་ཀྲུང་སར་གྱི་འབྲེལ་བ་སྤུས་ཚད་ལེགས་སུ་དང་རིམ་པ་མཐོ་རུ་འགྲོ་བར་ལམ་ཚད་རྡོ་རིང་ལྟར་གྱི་དོན་སྙིང་གལ་ཆེན་ལྡན་ཡོད།

སར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆིས“ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་རྒྱུར་དགའ་ཚོར་ཆེན་པོས་རེ་སྒུག་བྱེད་ཀྱི་ཡོད”ཀྲུའུ་ཞི་ཞི་ཅིན་ཕིང་ནི་སར་པི་ཡའི་གྲོཌ་པོ་བཟང་པོ་ཞིག་ཡིན་པ་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་སར་པི་ཡར་འཚམས་འདྲི་གནང་བར་དོན་སྙིང་གལ་ཆེན་ལྡན་ཡོད། “དེ་ནི་ང་རང་མི་སྒེར་གྱི་གཟི་བསོད་ཅིག་ཡིན་པ་མ་ཟད་སར་པི་ཡའི་རྒྱལ་ཡོངས་མི་དམངས་ཀྱི་རེ་སྒུག་ཀྱང་ཡིན”ཞེས་བརྗོད། “ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པ་ནི་ང་ཚོའི་གཟི་བསོད་ཆེ་ཤོས་ཡིན” སར་པི་ཡ་འཛུགས་སྐྲུན་དང་། འགྲིམ་འགྲུལ། རྨང་གཞིའི་སྒྲིག་བཀོད་པུའི་པུའུ་ཀྲང་ཝེ་ཤིས་ཆིས་ཉེ་བའི་ལོ་ཤས་རིང་སར་པི་ཡའི་དཔལ་འབྱོར་འཕེལ་རྒྱས་མྱུར་པོ་ཕྱིན་པ་དེ་ཀྲུང་གོའི་རྒྱབ་སྐྱོར་དང་ཁ་འབྲལ་ཐབས་མེད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་ཁྲིད་སྟོན་འོག་སར་ཀྲུང་དབར་དངོས་སྒྲུབ་མཉམ་ལས་ཀྱི་ཆུ་ཚད་དེ་བས་མཐོ་བ་ཞིག་ཏུ་སླེབས་རྒྱུའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།

སར་པི་ཡ་ཨེ་ཤེ་ཡའི་གནད་དོན་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཏེ་ལ་ཅ་ནཱ·སྨི་ཐེ་ལུའོ་ཝེ་ཆིས། སར་ཀྲུང་དབར་གྱི་མཛའ་གྲོགས་ནི་ཕན་ཚུན་ཚད་མཐོའི་ཡིད་ཆེས་བྱེད་པ་ལས་བྱུང་བ་ཞིག་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ནི་གྲོགས་པོ་བློས་ཐུབ་ཅིག་ཡིན། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་ཁྲིད་སྟོན་འོག་སར་ཀྲུང་འབྲེལ་བ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་དང་རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབར་གྱི་འགྲོ་འོང་ཉིན་བཞིན་ཟབ་ཏུ་ཕྱིན་ནས་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་ཟབ་ཏུ་ཕྱིན་ཡོད། “ཀྲུའུ་ཞི་ཞི་ཅིན་ཕིང་གིས་ད་ཐེངས་འཚམས་འདྲི་གནང་བ་དེས་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་གྱི་མཛའ་གྲོགས་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ནས་སར་ཀྲུང་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་ཡིད་ཆེས་ཡོད”ཅེས་བརྗོད།

“ཧང་ག་རི་དང་ཀྲུང་གོ་དབར་གྱི་མཛའ་གྲོགས་མཉམ་ལས་ཀྱི་ལེའུ་གསར་པ་བརྩམ་རྒྱུ་དང་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུ”

ད་ལོ་ནི་ཀྲུང་གོ་དང་ཧང་ག་རིའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་75འཁོར་བའི་ལོ་ཞིག་རེད། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་མི་སྣའི་འཐབ་ཇུས་ཀྱི་ཁྲིད་སྟོན་འོག་ཀྲུང་ཧང་འབྲེལ་བ་ཆུ་ཚད་མཐོ་བའི་འཕེལ་རྒྱས་རྒྱུན་འཁྱོངས་ཐུབ་པ་དང་། རྒྱལ་ཁབ་གཉིས་པོའི་མཐོ་རིམ་དབར་འགྲོ་འོང་ཟབ་ཏུ་ཕྱིན་པ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་རྒྱུན་མཐུད་ཟབ་ཏུ་ཕྱིན་པ་བཅས་ལས་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་ཏན་ཏིག་ཐུབ་པ་དང་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་བཏོད་ཡོད།

“ཀྲུའུ་ཞི་ཞི་ཅིན་ཕིང་ཧང་ག་རིར་འཚམས་འདྲིར་ཕེབས་པར་དགའ་བསུ་ཞུ། ཧང་ཀྲུང་འབྲེལ་བའི་ཆུ་ཚད་མཐོ་བའི་འཕེལ་རྒྱས་དང་དངོས་སྒྲུབ་མཉམ་ལས་ཀྱི་མདུན་ལམ་ལ་ངར་ཡིད་ཆེས་ཆེན་པོ་ཡོད”ཅེས་ཧང་ག་རི་ཧང་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་ནཱ་ཅི·ཡིའུ་ཏི་ཐེ·ཨའེ་ཝ་ཡིས་བརྗོད། ཁོང་གིས་ཕྱི་འབྲེལ་བཙུགས་ནས་ལོ་75སོང་རིང་ཧང་ཀྲུང་དབར་གྱི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པ་ལས་ཧང་ཀྲུང་མཉམ་ལས་ལ་སྔར་བས་སྐུལ་འདེད་ཐེབས་ཏེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་མཉམ་ལས་ཀྱི་ལེའུ་གསར་པ་གཏོད་ཐུབ་པའི་ཡིད་ཆེས་ཡོད་ཅེས་བརྗོད་པ་རེད།

“སྤུས་ཚད་མཐོ་བའི‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་ནི་ཧང་ཀྲུང་གཉིས་ཕན་མཉམ་ལས་ཀྱི་ནང་དོན་གལ་ཆེན་ཞིག་རེད” ཧང་ག་རི་རྒྱལ་སྤྱིའི་ལས་དོན་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཧྲའོ་ལའེ་ཐེས“ཉེ་བའི་ལོ་ཤས་རིང་ཀྲུང་གོས་ཧང་ག་རིར་མ་འཇོག་བྱེད་ཚད་ཟམ་མི་ཆད་པར་འཕར་བ་དང་ཧང་ག་རིའི‘ཤར་ཕྱོགས་སུ་སྒོ་དབྱེའི’འཐབ་ཇུས་དང‘རྒྱུད་གཅིག་ལམ་གཅིག’མཉམ་སྐྲུན་གྱི་གྲོས་འགོ་འབྲེལ་མཐུད་དམ་ཟབ་ཐུབ་ནས། ཧང་ག་རིའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་མཐུན་རྐྱེན་སྐྲུན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་པ་ལས་ཀྲུང་གོའི་ཁེ་ལས་དེ་བས་མང་བ་ཧང་ག་རིར་མ་འཇོག་ལས་དར་བྱེད་པར་ཡོང་རྒྱུར་སྐུལ་འདེད་ཐེབས་ཏེ་རྒྱལ་ཁབ་གཉིས་པོའི་ཐུན་མོང་འཕེལ་རྒྱས་ལ་གོ་སྐབས་དེ་བས་མང་བ་བསྐྲུན་རྒྱུ་ཡིན་པའི་ཡིད་ཆེས་ཡོད”ཅེས་བརྗོད།

ཡོ་རོབ་དབུས་ཤར་ས་ཁུལ་གྱི་མཐོ་རིམ་སློབ་གླིང་དུ་བཙུགས་སྔ་ཤོས་ཀྱི་རྒྱ་ཡིག་ཚན་ཁག་གི་གྲས་ཤིག་ཡིན་པའི་ཧང་ག་རིའི་ལུའོ་ལན་སློབ་ཆེན་གྱི་རྒྱ་ཡིག་ཚན་ཁག་གིས་ན་ནིང་ཟླ་11པར་ཚན་ཁག་བཙུགས་ནས་ལོ་བརྒྱ་འཁོར་བའི་རྟེན་འབྲེལ་མཛད་སྒོ་འཚོགས་པ་རེད། ལུའོ་ལན་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་དང་ཁུང་ཙི་སློབ་གླིང་ཧང་ག་རི་ཕྱོགས་ཀྱི་ཡོན་ཀྲང་ཧའོ་ཆིང་ཤིན་གྱིས་ཧང་ཀྲུང་རྒྱལ་ཁབ་གཉིས་པོས་སྲོལ་རྒྱུན་གྱི་མཛའ་གྲོགས་ཀྱི་རྨང་གཞིའི་ཐོག་མི་ཆོས་རིག་གནས་སྤེལ་རེས་སྔར་བས་དམ་ཟབ་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་རྒྱུན་མཐུད་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད་ཅེས་བརྗོད། ཁོང་གིས་ཕན་ཚུན་ཡིད་ཆེས་དང་མཉམ་ལས་གཉིས་ཕན་གྱི་གྲོགས་པོ་བཟང་པོ་དང་རོགས་ཟླ་བཟང་པོ་ཞིག་ཡིན་པའི་ངོས་ནས་ཧང་ག་རིས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་པ་དང་ཀྲུང་གོ་དང་ལག་གདང་སྦྲེལ་ནས་དངོས་སྒྲུབ་མཉམ་ལས་རྒྱ་ཆེ་རུ་དང་གཏིང་ཟབ་ཏུ་འགྲོ་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད། “ཀྲུའུ་ཞི་ཞི་ཅིན་ཕིང་ད་ཐེངས་འཚམས་འདྲིར་ཕེབས་པ་ལས་ཧང་ཀྲུང་མཛའ་གྲོགས་མཉམ་ལས་ཀྱི་ལེའུ་གསར་པ་བརྩམས་ནས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་སྣོན་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།

(འདི་ག་ཚགས་པར་ཁང་དུ་ཕ་རི་སི་དང་། པེར་ཀེ་ལའེ་ཏེ། པུ་ཏ་ཕེ་སི་བཅས་ནས་ཟླ་5ཚེས་4ཉིན་འབྱོར་བའི་གློག་འཕྲིན)