རང་ལྗོངས་ཀྱིས་གསང་སྲུང་བཅའ་ཁྲིམས་ཀྱི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    | 2024-05-07

ཉེ་ཆར། “གསང་སྲུང་བཅའ་ཁྲིམས་ལག་ལེན་མཐར་ཕྱིན་བསྟར། ང་ཚོ་ཚང་མ་གསང་བ་སྲུང་མཁན་ཡིན”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་གསང་སྲུང་བཅའ་ཁྲིམས་ཀྱི་གཅིག་སྡུད་དྲིལ་བསྒྲགས་བྱེད་སྒོ་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་སྤེལ་བ་རེད། ད་རེས་ཀྱི་བྱེད་སྒོ་ནི་རང་སྐྱོང་ལྗོངས་ཏང་ཨུད་གསང་སྲུང་ཨུ་ལྷན་གཞུང་ལས་ཁང་དང་རང་སྐྱོང་ལྗོངས་རྒྱལ་ཁབ་གསང་སྲུང་ཅུས་ཀྱིས་སྣེ་ཁྲིད་ནས་སྒྲིག་འཛུགས་བྱས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་གསང་སྲུང་ཨུ་ལྷན་དང་ལྷ་ས་གྲོང་ཨུད་གསང་སྲུང་ཨུ་ལྷན་གྱི་ཁོངས་གཏོགས་ཚན་པ་49ཞུགས་ཡོད་པ་རེད།

2024ལོའི་ཟླ་5ཚེས་1ཉིན་ནི་གསར་དུ་བཟོ་བཅོས་བརྒྱབ་པའི་གསང་སྲུང་བཅའ་ཁྲིམས་ལག་ལེན་བསྟར་བའི་ཉིན་དང་པོ་དེ་ཡིན་ཞིང་། གཡུ་ཐོག་ལམ་དུ་མི་ཚོགས་མང་བས་འཁྲུག་ཆ་ཤིན་ཏུ་དོད་པོ་ཡོད་པ་རེད། བྱེད་སྒོར་ཞུགས་མཁན་ཚན་པ་ཁག་གིས་དྲིལ་བསྒྲགས་བློ་འདྲིའི་སྟེགས་བུ་འཛུགས་པ་དང་། གསང་སྲུང་དྲིལ་བསྒྲགས་གློག་བརྙན་སྟོན་པ། དྲིལ་བསྒྲགས་སྦྱར་ཡིག་རྒྱ་ཁྱབ་སྦྱོར་བ། དྲིལ་བསྒྲགས་ལག་དེབ་དང་གསང་སྲུང་རིག་གནས་བསམ་བཀོད་ཐོན་རྫས་སྤྲོད་པ་བཅས་ཀྱི་རྣམ་པའི་ཐོག་ནས་རྒྱ་ཆེའི་མང་ཚོགས་ལ་གསང་སྲུང་བཅའ་ཁྲིམས་དྲིལ་བསྒྲགས་བྱས་པ་དང་ཆབས་ཅིག དེའི་ནང་ཞུགས་མཁན་ཚན་པ་ཁག་གིས་ད་དུང་ལན་འདེབས་མཁན་ལ་བྱ་དགའ་སྤྲོད་པ་སོགས་མཉམ་འགུལ་གྱི་ལྷུ་ཚིགས་བསྣན་ནས་གསང་སྲུང་བཅའ་ཁྲིམས་སློབ་སྦྱོང་གི་སྤྲོ་སྣང་འཕེལ་ཐབས་བྱས་ཡོད།

གྲོང་མི་བསོད་ནམས་ཀྱིས་འབྲེལ་ཡོད་གནད་དོན་སྐོར་བློ་འདྲི་བྱས་རྗེས་གསང་སྲུང་བཅའ་ཁྲིམས་སྐོར་གྱི་དྲི་བར་ལན་འདེབས་པའི་བྱེད་སྒོར་ཡང་ཞུགས་པ་རེད། ཁོང་གིས“རྒྱལ་ཁབ་ཀྱི་གསང་བ་དམ་སྲུང་བྱེད་རྒྱུ་ནི་ང་ཚོ་མི་སེར་གྱི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པས། ང་ཚོས་ཤེས་བྱ་དེ་དག་ལ་རྒྱུས་མངའ་ལོན་པ་དགོས་ཀྱི་འདུག བྱ་སྤྱོད་གང་དག་ལས་རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་སྲིད་པ་ཤེས་པར་བྱེད་དགོས་འདུག་ལ་བསླབ་བྱ་དང་ལེན་ཡང་བྱེད་དགོས་ཀྱི་འདུག”ཅེས་བཤད་པ་རེད།

བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ཐེངས་ཀྱི་དྲིལ་བསྒྲགས་བྱེད་སྒོར་གསང་སྲུང་དྲིལ་བསྒྲགས་དཔྱད་ཡིག་ཁྲི་1.64དང་རིག་གནས་བསམ་བཀོད་ཐོན་རྫས་5273སྤྲད་པ་དང་། ས་གནས་ས་ཐོག་ཏུ་ལན་འདེབས་མཁན་མི་ཐེངས་1200ལྷག་ཙམ་ཡོད་པ། མི་ཐེངས་3000ལྷག་ཙམ་གྱི་དོགས་གཞི་བསལ་ཡོད།