མི་དམངས་ཉེན་རྟོག་པས་སྒྱུར་སྟངས་ནོར་བའི་དངུལ་སྒོར་ཁྲི་85ལེན་རོགས་བྱས་པ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    | 2024-05-07

“ངས་དངུལ་མང་དག་ཅིག་ཚེ་ཆེ་གེ་མོ་ཟེར་བ་ཞིག་ལ་སྒྱུར་སྟངས་ནོར་འདུག ད་ལྟ་ཕ་རོལ་པོ་དང་འབྲེལ་བ་བྱེད་ཐུབ་ཀྱི་མིན་འདུག་པས། ཇི་ལྟར་བྱེད་དགོས་སམ”ཟླ་4ཚེས་18ཉིན་གྱི་དགོང་མོའི་ཆུ་ཚོད་11ཙམ་ལ་བཞད་མཐོང་སྨོན་རྫོང་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་རུ་ཆེན་ལ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་ཉི་ཆེ་གེས་མོས་དངངས་འཚབ་ཆེན་པོས་མི་དམངས་ཉེན་རྟོག་པར་རོགས་སྐྱོར་གནང་རོགས་ཤེས་ཞུས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཉི་ཆེ་གེ་མོས་དེ་ཉིན་དངུལ་ཁང་ནས་གཅུང་མོ་ཚེ་ཆེ་གེ་མོར་དངུལ་སྒྱུར་སྐབས། ཧ་རེ་ཧུ་རེ་བྱས་ནས་གཅུང་མོ་ཚེ་ཆེ་གེ་མོའི་རྩིས་ཐོའི་ཆ་འཕྲིན་ལ་ཞིབ་བསྡུར་ནན་ཏན་མ་བྱས་པར་རང་གི་ལག་ཐོགས་ཁ་པར་གྱི་དངུལ་སྒྱུར་ཟིན་ཐོའི་ནང་གི་གཅུང་མོ་དང་མིང་རོགས་ཡིན་པའི་ཆ་འཕྲིན་དངུལ་ཁང་གི་ལས་དོན་མི་སྣར་མཁོ་འདོན་བྱས་པ་དང་། དངུལ་སྒོར་ཁྲི་85རང་གི་གཅུང་མོ་དང་མིང་རོགས་ཡིན་པའི་མི་རྒྱུས་མེད་གཅིག་གི་རྩིས་ཐོར་སྒྱུར། ད་ལྟ་ཕ་རོལ་པོ་དང་འབྲེལ་བ་བྱེད་ཐབས་བྲལ་བས་དངངས་འཚབ་ལངས་ཏེ་ཉེན་བརྡ་བཏང་ནས་རོགས་སྐྱོར་གནང་རོགས་ཞུས་པ་རེད། གནས་ཚུལ་ཤེས་རྟོགས་བྱས་རྗེས། ཉེས་དོན་མྱུལ་ཞིབ་ཉེན་རྟོག་པས་ཕྱོགས་གཅིག་ནས་ཉི་ཆེ་གེ་མོར་སེམས་གསོ་བཏང་བ་དང་། ཕྱོགས་གཞན་ཞིག་ནས་ཉི་ཆེ་གེ་མོའི་རྩིས་ཐོར་བརྟག་དཔྱད་ཞིབ་ཚགས་བྱས་པ་བརྒྱུད། དངུལ་སྒྱུར་སའི་ཆ་འཕྲིན་གཏན་འཁེལ་བྱས་རྗེས་ཉེན་རྟོག་པས་འཕྲལ་དུ་དངུལ་སྒྱུར་ས་དང་འབྲེལ་བ་བྱས་ཏེ་དོན་རྐྱེན་གྱི་བརྒྱུད་རིམ་གསལ་བཤད་བྱས། མི་དམངས་ཉེན་རྟོག་པས་ངང་རྒྱུད་རིང་པོས་འབྲེལ་གཏུག་བྱས་པ་བརྒྱུད། ཕ་རོལ་པོས་ཟླ་4ཚེས་19ཉིན་གྱི་ཆུ་ཚོད་16ཙམ་ལ་སྒོར་ཁྲི་85ཉི་ཆེ་གེ་མོའི་རྩིས་ཐོར་ཕྱིར་སློག་བྱས་པ་རེད།

སྒྱུར་སྟངས་ནོར་བའི་དངུལ་རྣམས་ཚུར་རག་རྗེས། ཉི་ཆེ་གེ་མོས་མི་དམངས་ཉེན་རྟོག་པའི་འགན་འཁྲི་ནན་ཏན་ངང་འཁུར་བ་དང་དམངས་ལ་ཞབས་འདེགས་ཞུ་བའི་རྣམ་འགྱུར་ལ་བསྔགས་བརྗོད་ཡང་ཡང་བྱས་པ་དང་། “ཁྱེད་ཚོས་ཕར་རྒྱུག་ཚུར་རྒྱུག་བྱས་ནས་ང་ལ་དངུལ་ལེན་རོགས་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།

མང་ཚོགས་ཀྱི་ཁེ་ཕན་ནི་དོན་ཆུང་ཞིག་གཏན་ནས་མིན། དོན་དག་ཆུང་ཙག་གིས་ཀྱང་དམངས་སེམས་དྲོ་བར་བྱེད། བཞད་མཐོང་སྨོན་རྫོང་སྤྱི་བདེས་ཐོག་མཐའ་བར་གསུམ་དུ་དམངས་ཆེད་ཀྱི་ཐོག་མའི་བསམ་འདུན་བརྟན་པོར་བསྲུངས་ཏེ། བརྩེ་བ་དངོས་བཅངས་ནས་མང་ཚོགས་ཀྱི་བྱ་བ་རེ་རེ་བཞིན་བསྒྲུབས་ཏེ་སྤྱི་བདེའི་ལས་དོན་མང་ཚོགས་ཀྱི་ཁྲོད་དུ་རྩ་བ་བརྟན་པོར་ཚུགས་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་བཏོད་བཞིན་མཆིས།