རང་ལྗོངས་ཀྱི་བཟོ་ཚོགས་ཀྱིས་ལས་བཟོའི་བློ་གཏད་བཅོལ་ས་ཡག་པོ་ཞིག་བྱས་པ། ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    | 2024-05-07

ཉིན་ཤས་གོང་། གསར་འགོད་པས་རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ནས་ཤེས་རྟོགས་བྱས་པར། ཉེ་བའི་ལོ་ཤས་རིང་། བོད་ཀྱི་རིམ་ཁག་བཟོ་ཚོགས་ཀྱིས་ལས་བཟོའི་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། བཟོ་པའི་ལས་འགུལ་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། བཟོ་ཚོགས་སྒྱུར་བཅོས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ། ཕྱོགས་ཡོངས་ནས་བཟོ་ཚོགས་ནན་པོ་སྐྱོང་བ་བཅས་ཀྱི་ཐད་འཕེལ་རིམ་གསར་པ་དང་ཕན་འབྲས་གསར་པ་ཟམ་མི་ཆད་པར་ཐོན་ཡོད།

རང་ལྗོངས་ཀྱི་རིམ་ཁག་བཟོ་ཚོགས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཟབ་ཏུ་གཏོང་བ་དང་། ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས། གཙོ་གནད་སྐྱེ་ཁམས་འདུ་འགོད་འཛུགས་སྐྲུན། མཐའ་བརྟན་མཐའ་དར་དམངས་ཕྱུག་བཅས་ཀྱི་གཙོ་གནད་ལས་དོན་ལ་དམིགས་ཏེ་བྱ་སྤྱོད་ཧུར་ཐག་སྤེལ་ནས“འཛུགས་གཏོད་བཞི”བྱེད་རིང་། བཟོ་པའི་གྲལ་རིམ་གྱི་གཙོ་ཤུགས་དམག་གི་ནུས་པ་མངོན་ཡོད། མི་རིགས་མཐུན་སྒྲིལ་གྱི་ཤེས་བྱའི་འགྲན་བསྡུར་དང་རྩོམ་བསྡུའི་འགྲན་བསྡུར་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་མཉམ་སྤྱོད་ཚོགས་འདུ་སོགས་ཀྱི་རྣམ་པའི་ཐོག་ནས། ལས་བཟོའི་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་བརྗོད་ཡོད། ངལ་རྩོལ་རྩལ་ནུས་འགྲན་བསྡུར་རབ་དང་རིམ་པ་གཉེར་བ་དང་ཐོན་ལས་བཟོ་པའི་དངོས་སྦྱོང་རྟེན་གཞི་བསྐྲུན་ནས་ཐོན་ལས་བཟོ་པ་1000ལ་གསོ་སྦྱོང་བྱས་ཡོད། ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་གི་འགྲན་བསྡུར་ལག་བསྟར་ལ་སྐུལ་འདེད་བཏང་སྟེ“ལས་བཟོའི་སྐྱེ་ཁམས་སྐྱེད་ཚལ”གྱི་སྤུས་རྟགས་ཧུར་ཐག་བཏོད་པ་དང་སྐྱེ་ཁམས་ཁྱབ་ཁོངས་ཀྱི་ངལ་རྩོལ་དཔེ་བཟང་དང་བཟོ་བོའི་གསར་གཏོད་ལས་དོན་ཁང་2འཛུགས་གཏོད་བྱས་ཡོད། “རྒྱལ་ཁབ་ཀྱི་སྒོ་མོ་སྲུང་བ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་བཟོ་ཚོགས་ཀྱི་གཡུལ་ས་འཛུགས་སྐྲུན་གཏིང་ཟབ་བྱས་ཏེ། མཐའ་མཚམས་རྫོང་ཤང་དང་འགག་སྒོའི་ལས་བཟོའི་ཁྱིམ་ཚང་97བསྐྲུན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ན་ནིང་རང་ལྗོངས་ཀྱི་རིམ་ཁག་བཟོ་ཚོགས་ཀྱིས་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་སློབ་གསོ་སྣ་ཚོགས་ཐེངས་ཁྲི་1.4རྒྱ་ཁྱབ་སྤེལ་བས་ལས་བཟོ་མི་ཐེངས་ཁྲི་133ལ་སློབ་གསོ་ཐེབས་ཡོད་པ་རེད།