ཞི་ཅིན་ཕིང་པེར་ཀེ་ལའེ་ཏེར་ཕེབས་འབྱོར་ཟིན་ནས་སེར་པི་ཡར་རྒྱལ་དོན་འཚམས་འདྲི་གནང་འགོ་ཚུགས་པ། ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   | 2024-05-09

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པེར་ཀེ་ལའེ་ཏེ་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་7ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་པེར་ཀེ་ལའེ་ཏེར་ཕེབས་འབྱོར་ཟིན་པ་དང་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆིའི་གདན་ཞུས་ལྟར་སེར་པི་ཡར་རྒྱལ་དོན་འཚམས་འདྲི་གནང་བ་རེད།

ཞི་ཅིན་ཕིང་བཞུགས་པའི་ཆེད་གཏོང་གནམ་གྲུ་སེར་པི་ཡའི་མངའ་ཁོངས་བར་སྣང་དུ་སླེབས་རྗེས། སེར་པི་ཡའི་མཁའ་དམག་གི་དམག་འཐབ་གནམ་གྲུ་གཉིས་མཁའ་དབྱིངས་སུ་འཕུར་ནས་སྲུང་སྐྱེལ་ཞུས་ཡོད། ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་པེར་ཀེ་ལའེ་ཏེ་ཉི་ཀུའུ་ལ·ཐེ་སི་ལ་རྒྱལ་སྤྱིའི་གནམ་ཐང་དུ་ཕེབས་འབྱོར་ཟིན་སྐབས་སེར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་སྟངས་དཔྱལ་དང་། ཀྲུང་གོ་དང་མཉམ་ལས་བྱེད་མཁན་རྒྱལ་ཁབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཙུང་ཐུང་ཟུར་པ་ཉི་ཁོ་ལི་ཆི་སྟངས་དཔྱལ། གྲོས་དཔོན་པུའུ་ཨར་ནཱ་པི་ཆི། ཙུང་ལི་ཝུའུ་ཆེ་ཝུའེ་ཆི། ཕྱི་འབྲེལ་པུའུ་ཀྲང་ཅིའུ་ལི་ཆི་སོགས་ཀྱིས་སྤྲོ་སེམས་འཁོལ་པོས་བསུ་བ་ཞུས་པ་རེད།

ཝུའུ་ཆི་ཆིས་གནམ་ཐང་དུ་ཞི་ཅིན་ཕིང་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་མགྲོན་བསུའི་མཛད་སྒོ་འཚོགས་ཤིང་། སེར་པི་ཡའི་ལོ་ཆུང་བྱིས་པས་ཞི་ཅིན་ཕིང་དང་ཕེང་ལི་ཡོན་ལ་མེ་ཏོག་ཕུལ་བ་དང་། ཀྲུང་གོ་དང་སེར་པི་ཡ་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་པ་མ་ཟད། མི་རིགས་ཀྱི་གཟབ་མཆོར་ལེགས་པར་སྤྲས་པའི་སེར་པི་ཡའི་དམངས་ཚོགས་ཀྱིས་གླུ་ལེན་གར་འཁྲབ་བྱས་ནས་སྤྲོ་སེམས་འཁོལ་བའི་དགའ་བསུའང་ཞུས་པ་རེད།

ཞི་ཅིན་ཕིང་གིས་ཡིག་ཐོག་གི་གསུང་བཤད་གནང་ཞིང་། ཁོང་གིས་ཀྲུང་སེར་གྱི་སྲོལ་རྒྱུན་མཛའ་གྲོགས་འབྲེལ་བ་ཟབ་མོ་ཡོད་པ་དང་རྒྱལ་ཁབ་གཉིས་པོའི་འབྲེལ་བར་རྒྱལ་སྤྱིའི་འགྱུར་ལྡོག་གི་ཚོད་བགམ་ཐེག་ནས་རྒྱལ་ཁབ་དང་རྒྱལ་ཁབ་དབར་གྱི་འབྲེལ་བའི་དཔེ་མཚོན་ཞིག་བཏོད་ཡོད། 2016ལོར་རྒྱལ་ཁབ་གཉིས་པོའི་དབར་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་པ་ནས་བཟུང་ཕྱོགས་གཉིས་པོའི་འབྲེལ་བར་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ནས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། རྒྱལ་ཁབ་གཉིས་པོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་ཡོད་པ་དང་སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱས་པར་གཡུར་ཟའི་གྲུབ་འབྲས་ཐོབ་པ་དང་། མི་སྣ་འགྲོ་འོང་སྔར་བས་ཟབ་ཏུ་ཕྱིན་པ། གྲོགས་པོ་བློས་ཐུབ་ཀྱི་མཛའ་བཤེས་མི་སེམས་སུ་བརྟན་པོར་ཟུག་པ་བཅས་བྱུང་ཡོད། འདྲ་མཉམ་གཉིས་ཕན་གྱི་རྨང་གཞིའི་ཐོག་བཙུགས་པའི་ཀྲུང་སེར་གྱི་མཉམ་ལས་དེ་རྒྱལ་ཁབ་གཉིས་པོའི་རྩ་བའི་ཁེ་ཕན་དང་ཕུགས་ཀྱི་ཁེ་ཕན་དང་མཐུན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སེར་པི་ཡ་ཕྱོགས་དང་མཉམ་དུ་ཐོག་མའི་བསམ་འདུན་མ་བརྗེད་པ་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ་སྒུལ་ཤུགས་དེ་བས་ཆེ་བ་དང་། ཁྱབ་ཁོངས་དེ་བས་རྒྱ་ཆེ་བ། སྤུས་ཚད་དེ་བས་ལེགས་པ་བཅས་ཀྱི་མཉམ་ལས་ཀྱི་རྣམ་པ་གསར་པ་གཏོད་འདོད་ཡོད། ངས་ད་ཐེངས་ཀྱི་འཚམས་འདྲི་དེ་གོ་སྐབས་སུ་བྱས་ནས་ཙུང་ཐུང་ཝུའུ་ཆི་ཆི་མཉམ་དུ་ཕྱོགས་གཉིས་པོའི་འབྲེལ་བ་དང་དེ་བཞིན་ཐུན་མོང་ཐོག་དོ་ཁུར་བྱེད་པའི་གནད་དོན་གཞན་དག་ཐད་བསམ་འཆར་བརྗེ་རེས་གཏིང་ཟབ་བྱས་ཏེ་མཉམ་དུ་མཛའ་གྲོགས་གླེང་བ་དང་། མཉམ་ལས་ལ་གྲོས་མོལ་བྱེད་པ། འཕེལ་རྒྱས་དོན་གཉེར་བཅས་བྱས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འཆར་གཞི་གསར་པ་འགོད་རྒྱུའི་རེ་སྒུག་བྱེད་བཞིན་ཡོད། ད་ཐེངས་ཀྱི་འཚམས་འདྲིར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ནས་ཀྲུང་སེར་འབྲེལ་བ་འཕེལ་རྒྱས་ཀྱི་ལེའུ་གསར་པ་རྩོམ་ཐུབ་ངེས་ཡིན་པ་ངར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།

ཀྲུའུ་ཞི་ཞི་ཅིན་ཕིང་གི་སྐུ་ཟླ་ཕེང་ལི་ཡོན་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་སོགས་ཕེབས་རོགས་ཞུ་མཁན་གནམ་གྲུ་གཅིག་ནང་བཞུགས་ཡོད་པ་རེད།

སེར་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་མིང་ཡང་གནམ་ཐང་དུ་ཕེབས་བསུར་བཅར་བ་རེད།

ཞི་ཅིན་ཕིང་རླངས་འཁོར་ནང་བཞུགས་ཏེ་གནམ་ཐང་ནས་གསོལ་མགྲོན་ཁང་དུ་ཕེབས་པའི་ལམ་བར་དུ་པེར་ཀེ་ལའེ་ཏེའི་གང་སར་དགའ་སྤྲོའི་རྣམ་པས་ཁེངས། ཀྲུང་སེར་རྒྱལ་ཁབ་གཉིས་པོའི་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བ་དང་། གང་སར“ཀྲུང་གོའི་དམར་དམངས”མངོན་པ། གློག་རྡུལ་བརྙན་ཤེལ་ཆེན་པོའི་ནང“མཛའ་བརྩེ་ལྡན་པའི་གྲོགས་པོ་ཀྲུང་གོ་བར་སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ”ཞེས་པ་ཡང་ཡང་བསྟན་ཡོད། སེར་པི་ཡར་ཡོད་པའི་ཕྱི་ཁོངས་ཀྲུང་གོ་བ་དང་ཕྱིར་སྡོད་རང་མི་དང་ཕྱི་སྦྱོང་སློབ་མ་དང་དེ་བཞིན་སེར་པི་ཡའི་དམངས་ཚོགས་ཀྱིས་ཀྲུང་སེར་གྱི་རྒྱལ་དར་གཡུག་གཡུག་བྱས་ནས་རང་འགུལ་ངང་ཕེབས་ལམ་གྱི་གཞོགས་གཉིས་སུ་བསྒུགས་ཏེ་ཞི་ཅིན་ཕིང་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།