“ལྔ་གཅིག”གུང་གསེང་རིང་རྒྱལ་ནང་དུ་ཡུལ་སྐོར་བྱེད་མཁན་མི་ཐེངས་དུང་ཕྱུར་2.95ཟིན་པ། ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    | 2024-05-09

2024ལོའི“ལྔ་གཅིག”གུང་གསེང་རིང་། རྒྱལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཁྲོམ་ར་སྤྱི་ཡོངས་ནས་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡོད། ཚེས་6ཉིན་རིག་གནས་དང་ཡུལ་སྐོར་པུས་གྲངས་གཞི་ཁྱབ་བསྒྲགས་བྱས་པ་ལས་མངོན་པར། རིག་གནས་དང་ཡུལ་སྐོར་པུའི་གྲངས་གཞི་ལྟེ་གནས་ཀྱིས་ཚོད་རྩིས་བྱས་པར། རྒྱལ་ཡོངས་ཀྱི་རྒྱལ་ནང་དུ་ཡུལ་སྐོར་བྱེད་མཁན་བསྡོམས་འབོར་མི་ཐེངས་དུང་ཕྱུར་2.95ཟིན་པ་དེ་དུས་མཚུངས་ལས་7.6%འཕར་ནས་བསྡུར་གཞི་ཡོད་པའི་ཚད་གཞི་ལྟར་ན་2019ལོའི་དུས་མཚུངས་ལས་28.2%འཕར་བ་དང་། རྒྱལ་ནང་དུ་ཡུལ་སྐོར་བྱེད་མཁན་གྱིས་བསྡོམས་འགྲོ་སོང་སྒོར་དུང་ཕྱུར་1668.9བཏང་བ་དེ་དུས་མཚུངས་ལས་12.7%འཕར་ཏེ་བསྡུར་གཞི་ཡོད་པའི་ཚད་གཞི་ལྟར་ན་2019ལོའི་དུས་མཚུངས་ལས་13.5%འཕར་ཡོད་པ་རེད།

གུང་གསེང་རིང་རིམ་ཁག་རིག་གནས་དང་ཡུལ་སྐོར་སྡེ་ཚན་གྱིས་སྣ་མང་ཕུན་སུམ་ཚོགས་པའི་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་དང་རིག་གནས་བྱེད་སྒོ་ཁྱབ་གདལ་བཏང་ཡོད། རྒྱལ་ཡོངས་ཀྱི་རིམ་ཁག་སྤྱི་པའི་དཔེ་མཛོད་ཁང་དང་རིག་གནས་ཁང(ས་ཚིགས)མུ་མཐུད་རིན་མེད་ངང་སྒོ་ཕྱེ་ནས་ཡུལ་བབ་དང་བསྟུན་ཏེ་གུང་གསེང་ཉིན་མོའི་སྤྱི་པའི་རིག་གནས་ཐོན་རྫས་མཁོ་སྤྲོད་ལས་དོན་ཡག་པོ་སྒྲུབ་པ་དང“གྲོང་གསེབ་ཀྱི་རིག་རྩལ་དགོང་ཚོགས”དང་། ཐང་ཆེན་ཞབས་བྲོ། མང་ཚོགས་ཀྱི་གླུ་དབྱངས་སོགས་རིགས་ཁག་གི་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་སྒྲིག་འཛུགས་ཧུར་ཐག་བྱས་ཡོད། རིག་གནས་དང་ཡུལ་སྐོར་པུས“5.19ཀྲུང་གོའི་ཡུལ་སྐོར་ཉིན་མོའི”བརྗོད་དོན་གཙོ་བོའི་ཟླ་བའི་བྱེད་སྒོ་དང་། “ཤེས་དཔལ་ཡུལ་སྐོར། མཛེས་སྡུག་ལྡན་པའི་ཀྲུང་གོའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་འགོ་བཙུགས་ནས“ཡུལ་སྐོར་ཀྲུང་གོ མཛེས་ལྡན་འཚོ་བའི”རྒྱལ་ནང་གི་ཡུལ་སྐོར་རྒྱུན་མཐུད་ངང་དྲིལ་བསྒྲགས་ཁྱབ་གདལ་བཏང་ཡོད།

ཀོང་ཤིས་ལིའུ་ཀྲོའུ་དང་། ཧྲན་ཏུང་ཙི་པོ། ཀན་སུའུ་ཐེན་ཧྲུའེ་སོགས་གྲོང་ཁྱེར་ལ་ཡུལ་སྐོར་བས་དོ་སྣང་བྱུང་བ་དང་རྒྱང་ཁྲིད་ཡུལ་སྐོར་ཁྲོམ་རའི་འཕར་ཚད་མངོན་གསལ་དོད་པོ་བྱུང་ཡོད། མཚན་མོའི་དཔལ་འབྱོར་གྱི་གསོན་ཤུགས་རབ་ཏུ་འཕེལ་ནས་ལྟ་ཞིབ་ཚད་ལེན་ནང་ཚུད་པའི་རྒྱལ་ཁབ་རིམ་པའི་མཚན་མོའི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་གཅིག་སྡུད་ཁུལ་གྱི་མཚན་མོའི་འགྲུལ་རྒྱུན་མི་ཐེངས་ཁྲི་7257.58ཟིན་པ་དེ་བསྡུར་གཞི་ཡོད་པའི་ཚད་གཞི་ལྟར་ན་2023ལོའི“ལྔ་གཅིག”གུང་གསེང་གི་དུས་མཚུངས་ལས་6.9%འཕར་ཡོད།

མཁའ་ལམ་སླར་གསོ་དང་། རྒྱལ་མཚམས་ནང་འཛུལ་བའི་སྟབས་བདེ་ཅན་གྱི་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བ་དང་དེ་བཞིན་ཕན་ཚུན་ཐོངས་མཆན་མི་དགོས་པའི་རྒྱལ་ཁབ་ཀྱི་གྲངས་འབོར་མང་དུ་ཕྱིན་པ་དང་ཆབས་ཅིག རྒྱལ་མཚམས་འཛུལ་སྒྲོལ་གྱི་ཡུལ་སྐོར་མགྱོགས་མྱུར་སླར་གསོ་བྱུང་ཡོད། གྲངས་གཞི་ལས་མངོན་པར། “ལྔ་གཅིག”གུང་གསེང་རིང་རྒྱལ་མཚམས་འཛུལ་སྒྲོལ་གྱི་ཡུལ་སྐོར་བ་བསྡོམས་མི་ཐེངས་ཁྲི་367.2ཟིན་པའི་ནང་རྒྱལ་མཚམས་ནང་ཡོང་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་177.5ཟིན་པ་དང་རྒྱལ་མཚམས་ནས་དོན་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི་189.7ཟིན་ཡོད་པ་རེད།