དཔེ་དེབ་གྲོགས་སུ་བསྟེན། ཕན་ཡོན་དཔག་མེད་བྱུང་། ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    | 2024-05-09

(བཅར་འདྲི་དང་ལེན་བྱེད་མཁན་གྱིས་པར་མཁོ་འདོན་བྱས) འདི་ནི་ཀུའེ་ཀྲོའུ་ཞིང་ཆེན་ཆན་ཤིས་ནན་ཀྲོའུ་ཚེ་ཧེང་རྫོང་ཡ་ཐ་གྲོང་རྡལ་པན་ཝན་གྲོང་ཚོར་གནས་པའི་བྲག་ཕུག་དཔེ་མཛོད་ཁང་ཡིན་པ།

མི་རིང་བའི་གོང་། ཡུན་ནན་ཞིང་ཆེན་ཁུན་མིང་གྲོང་ཁྱེར་དུ་གཉེར་བའི་དམངས་ཡོངས་ཀྱི་དཔེ་ཀློག་ཚོགས་ཆེན་གྱི་དཔེ་ཀློག་དང་གྲོང་གསེབ་དར་རྒྱས་ཀྱི་ཡན་ལག་གླེང་སྟེགས་ལ། ཀུའེ་ཀྲོའུ་ཞིང་ཆེན་ཆན་ཤིས་ནན་པུའུ་དབྱི་རིགས་མེའོ་རིགས་རང་སྐྱོང་ཀྲོའུ་ཀྲེན་ཧྥེང་རྫོང་སློབ་ཆུང་དང་པོའི་ཆིང་ཁུའེ་མཉམ་གཞས་ཚོགས་པའི་ཕྲུ་གུ་ཚོས་གྲོང་གསེབ་ཀྱི་དཔེ་ཀློག་ཁྱབ་གདལ་གྱི་བརྗོད་དོན་གཙོ་བོའི་གླུ་གཞས《འོད་སྣང་ཡོད་པས་རེད》ཅེས་པ་བླངས་ནས་ཀུན་གྱི་ཡིད་དབང་འཕྲོགས་པ་རེད།

གླུ་གཞས་དེའི་ནང་དཔེ་ཀློག་ལས་རི་གྲོང་གི་ཕྲུ་གུ་ཚོར་ཡར་རྒྱས་བྱུང་ལུགས་མཚོན་ཞིང་། དེ་ཡང་ཡར་རྒྱས་དེ་ནི་དང་བླངས་པའི་ཚོགས་པ་ཞིག་གིས་ལོ་10ལྷག་ཙམ་གྱི་རིང་ཆུ་བོའི་རྒྱུན་བཞིན་དུ་འབད་བརྩོན་ལྷོད་མེད་བྱས་པ་ལས་བྱུང་བ་ཞིག་རེད།

ཀུའེ་ཀྲོའུ་ཞིང་ཆེན་ཆན་ཤིས་ནན་ཀྲོའུ་རུ་གྲོང་གསེབ་ཀྱི་ཕྲུ་གུ་སྔར་བས་མང་བ་དཔེ་ཀློག་ལ་དགའ་པོ་ཡོང་ཆེད། ཚེ་ཧེང་རྫོང་རི་གྲོང་དུ་རྩ་བ་ཚུགས་ནས་ལེགས་སྐྱེས་ཕྲན་བུ་འབུལ་མཁན་དང་བླངས་པ་མཐུན་ཚོགས་ཀྱི་དྲུང་ཆེ་ཀྲོའུ་པེ་ལེ་ཡིས་ལོ་12རིང་མཐའ་འཁྱོངས་བྱས་པ་རེད། 2012ལོར་ཧྲང་ཧའེ་དགེ་འོས་སློབ་ཆེན་སློབ་གསོ་སློབ་གླིང་འགྲིམ་བཞིན་ཡོད་པའི་ཀྲོའུ་པེ་ལེ་རི་གྲོང་དུ་རྩ་བ་ཚུགས་ནས་ལེགས་སྐྱེས་ཕྲན་བུ་འབུལ་མཁན་དང་བླངས་པ་མཐུན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་དབྱར་ཁའི་གུང་གསེང་གི་སློབ་སྐྱོར་རྣམ་གྲངས་དང་སྟེས་དབང་གིས་ཕྲད་ཅིང་། དེ་ནས་ཆན་ཤིས་ནན་ཀྲོའུ་ཞིང་དབྱི་གྲོང་ཁྱེར་ཝེ་ཧྲེ་གྲོང་རྡལ་ཨ་དབྱི་སློབ་ཆུང་དུ་སློབ་སྐྱོར་ལ་སླེབས་པ་རེད།

སློབ་ཆེན་ནས་སློབ་མཐར་ཕྱིན་རྗེས་ཀྲོའུ་པེ་ལེ་ཡིས་སྤྱི་ཕན་གྱི་བྱ་གཞག་བསྒྲུབས་ཤིང་། ཞིང་དབྱི་གྲོང་ཁྱེར་དང་། ཚེ་ཧེང་རྫོང་། ཀྲེན་ཧྥེང་རྫོང་སོགས་ཀྱི་གྲོང་གསེབ་སློབ་ཆུང་དང་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་གྱི་སློབ་ཆུང་དུ་སློབ་གསོ་རོགས་སྐྱོར་དང་དཔེ་ཀློག་ཁྱབ་གདལ་གྱི་ལས་དོན་བསྒྲུབས་པ་རེད། ལོ་10ལྷག་ཙམ་རིང་། རི་གྲོང་དུ་རྩ་བ་ཚུགས་ནས་ལེགས་སྐྱེས་ཕྲན་བུ་འབུལ་མཁན་དང་བླངས་པ་མཐུན་ཚོགས་ནང་ཞུགས་མཁན་ཇེ་མང་ནས་ཇེ་མང་དུ་སོང་ནས་མི་གྲངས་སྟོང་ཚོ་ཟིན་པའི་དང་བླངས་པའི་དཔུང་ཁག་ཅིག་རིམ་བཞིན་ཆགས་པ་རེད།

“དཔེ་ཀློག་གི་ཁོར་ཡུག་བཟང་པོ་མེད་ན། དཔེ་ཀློག་གི་གོམས་གཤིས་བཟང་པོ་འཇགས་དཀའ”ཀྲོའུ་པེ་ལེ་དང་དང་བླངས་པ་གཞན་དག་གིས་དཔེ་མཛོད་ཁང་ཞིག་བསྐྲུན་རྒྱུའི་སེམས་ཐག་བཅད་ཅིང་། ཁོང་ཚོས་དཔེ་མཛོད་ཁང་གི་དོ་དམ་མ་ལག་ཇུས་འགོད་བྱས་ནས་ལོ་ན་མི་གཅིག་པའི་ཕྲུ་གུའི་དཔེ་ཀློག་གི་དགའ་ཕྱོགས་དང་དགོས་མཁོར་གཞིགས་ཏེ་དཔེ་དེབ་ཞིབ་ཚགས་བདམས་པ་མ་ཟད་དང་བླངས་པ་གསོ་སྦྱོང་བྱས་ནས་ཕྲུ་གུ་ཚོར་དཔེ་ཀློག་བྱེད་སྟངས་ཁྲིད་སྟོན་བྱས་པ་རེད། 2019ལོར་ཚེ་ཧེང་རྫོང་ཆའོ་མ་གྲོང་རྡལ་སྲིད་གཞུང་དང་མཉམ་ལས་བྱས་པའི“ཆའོ་ཧོ་དཔེ་མཛོད་ཁང”དེ་ཡུལ་དེ་གའི་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དུ་བསྐྲུན་ཐུབ་པར་གྱུར། ལོ་5ཡི་རིང་། ཁོང་ཚོས་ཞིང་དབྱི་གྲོང་ཁྱེར་དང་། ཝང་མོ་རྫོང་། ཀྲེན་ཧྥེང་རྫོང་སོགས་ཀྱི་ས་ཆར་ཡང་དཔེ་མཛོད་ཁང་གཉེར་བ་རེད།

“རྒན་ལགས། སློབ་དུས་འདིར་ངའི་སྐད་ཡིག་གི་སྦྱངས་འབྲས་ལ་ཡར་རྒྱས་ཆེན་པོ་བྱུང་འདུག”ཅེས་ཉིན་ཞིག་སློབ་གྲྭ་གྲོལ་རྗེས་ཕྲུ་གུ་ཞིག་དཔེ་མཛོད་ཁང་དུ་ཡོང་ནས་ཀྲོའུ་པེ་ལེར་རང་ཉིད་ཀྱི་གྲུབ་འབྲས་དགའ་སྤྲོའི་ངང་བརྗོད་ཡོད། ཀྲོའུ་པེ་ལེ་ཡིས། དཔེ་ཀློག་བྱས་ནས་ཡར་རྒྱས་ཕྱིན་པའི་སློབ་ཕྲུག་མི་ཉུང་བ་ཡོད་པ་དང་ཕྲུ་གུ་ཚོའི་བསམ་གཞིག་གི་ནུས་པ་ཡང་རྒྱུན་ཆད་མེད་པར་ཆེ་རུ་སོང་ཡོད། “བློ་ཁོག་ཆུང་ལ་ངོ་ཚ་སྨིན་པའི་ཕྲུ་གུ་ཉུང་དུ་སོང་བ་དང་། སྐད་ཆ་བཤད་རྒྱུར་དགའ་བའི་ཕྲུ་གུ་མང་དུ་ཕྱིན་ཡོད”དཔེ་ཀློག་ལ་བརྟེན་ནས་ག་ལེར་འགྱུར་ལྡོག་ཡག་པོ་འགྲོ་བཞིན་ཡོད་ཅེས་བརྗོད་པ་རེད།

2023ལོའི་བར་དུ། རི་གྲོང་དུ་རྩ་བ་ཚུགས་ནས་ལེགས་སྐྱེས་ཕྲན་བུ་འབུལ་མཁན་དང་བླངས་པ་མཐུན་ཚོགས་དེ་ཉིད་འཛུགས་སྐྲུན་ནང་ཞུགས་པའི་དཔེ་མཛོད་ཁང་གིས་དཔེ་དེབ་ཁྲི་4ལྷག་ཙམ་གཡར་བ་དང་། བྱེད་སྒོ་ཐེངས་1000ལྷག་ཙམ་སྤེལ་ནས་མི་ཐེངས་ཁྲི་5.2ཞུགས་ཡོད་པ་རེད།